དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་དང་ཨ་རིའི་ཙུང་ཐུང་པའེ་ཀྲེན་དབར་ཀྲུང་ཨའི་གཙོ་བདག་གི་ཞལ་འཛོམས་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-11-18

    འདི་ནི་ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་15ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིའི་ཅིའུ་ཅིན་ཧྲན་ཧྥེ་ལོ་ལི་གཞིས་ཀར་ཨ་རིའི་ཙུང་ཐུང་པའེ་ཀྲེན་དང་ཀྲུང་ཨའི་གཙོ་བདག་གི་ཞལ་འཛོམས་གནང་བ།

    འདི་ནི་ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་15ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིའི་ཅིའུ་ཅིན་ཧྲན་ཧྥེ་ལོ་ལི་གཞིས་ཀར་ཨ་རིའི་ཙུང་ཐུང་པའེ་ཀྲེན་དང་ཀྲུང་ཨའི་གཙོ་བདག་གི་ཞལ་འཛོམས་གནང་བ།

    ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་15ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིའི་ཅིའུ་ཅིན་ཧྲན་གྱི་ཧྥེ་ལོ་ལི་གཞིས་ཀར་ཨ་རིའི་ཙུང་ཐུང་པའེ་ཀྲེན་དང་ཀྲུང་ཨའི་གཙོ་བདག་གི་ཞལ་འཛོམས་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་ཨའི་འབྲེལ་བའི་འཐབ་ཇུས་རང་བཞིན་དང་། སྤྱི་ཡོངས་རང་བཞིན། ཁ་ཕྱོགས་རང་བཞིན་བཅས་ཀྱི་གནད་དོན་དང་། དེ་བཞིན་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་སྐོར་ལ་ལྷག་བསམ་ཟོལ་མེད་ཀྱིས་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་བ་རེད།

    ཞི་ཅིན་ཕིང་ཧྥེ་ལོ་ལི་གཞིས་ཀར་ཕེབས་འབྱོར་བྱུང་སྐབས་པའེ་ཀྲེན་གྱིས་སྤྲོ་སེམས་འཁོལ་པོས་ཕེབས་བསུ་ཞུས་པ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། དེང་སྐབས་ཀྱི་འཛམ་གླིང་ལ་ལོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འཕྲད་བཞིན་ཡོད་པས། ཀྲུང་གོ་དང་ཨ་རིར་གདམ་ག་གཉིས་ཡོད་པ་སྟེ། གཅིག་ནི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་ལག་གདང་སྦྲེལ་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་བཅག་སྟེ། འཛམ་གླིང་གི་བདེ་འཇགས་དང་དར་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད། གཅིག་ཤོས་ནི་རྒྱལ་ཕམ་གྱི་བསམ་བློ་བཅངས་ནས་དཔུང་ཚོགས་ཁ་གཏད་དུ་ལངས་རྒྱུར་ངན་སྐུལ་བྱས་ཏེ་འཛམ་གླིང་ཡོ་ལང་དང་ཁ་ཕྲལ་གྱི་ཕྱོགས་སུ་སྐྱོད་རྒྱུ་དེ་རེད། གདམ་ག་གཉིས་ལས་ཁ་ཕྱོགས་གཉིས་མཚོན་གྱི་ཡོད་ཅིང་། དེས་མིའི་རིགས་ཀྱི་མདུན་ལམ་དང་སའི་གོ་ལའི་མ་འོངས་ཐག་གཅོད་བྱེད་ཀྱི་ཡོད། འཛམ་གླིང་ཐོག་གལ་ཆེ་ཤོས་ཀྱི་ཕྱོགས་གཉིས་པོའི་འབྲེལ་བ་ཡིན་པའི་ཀྲུང་ཨའི་འབྲེལ་བ་དེ་རྒྱབ་ལྗོངས་ཆེན་པོ་འདི་འདྲའི་འོག་བཞག་ནས་བསམ་གཞིག་དང་ཇུས་འགོད་བྱེད་དགོས། ཀྲུང་གོ་དང་ཨ་རིའི་དབར་འབྲེལ་བ་མ་བྱས་ན་མི་འགྲིག་ཅིང་། ཕ་རོལ་པོར་འགྱུར་ལྡོག་གཏོང་འདོད་པ་ནི་དོན་དངོས་དང་མི་མཐུན་པ་ཞིག་ཡིན་ལ། འགལ་ཟླ་དང་འགྲན་རྒོལ་གྱི་མཇུག་འབྲས་ནི་སུས་ཀྱང་ཐེག་མི་ཐུབ་པ་ཞིག་རེད། རྒྱལ་ཁབ་ཆེན་པོའི་འགྲན་རྩོད་ཀྱིས་ཀྲུང་ཨ་རྒྱལ་ཁབ་གཉིས་དང་འཛམ་གླིང་ལ་འཕྲད་པའི་གནད་དོན་ཐག་གཅོད་བྱེད་མི་ཐུབ། སའི་གོ་ལ་འདིར་ཀྲུང་གོ་དང་ཨ་རི་གཉིས་ཀ་མཉམ་གནས་ཐུབ་ཀྱི་ཡོད། ཀྲུང་ཨ་རྒྱལ་ཁབ་གཉིས་པོར་ཐོབ་པའི་གྲུབ་འབྲས་ནི་ཕན་ཚུན་སོ་སོར་འཕྲད་པའི་གོ་སྐབས་ཤིག་རེད།

    ཞི་ཅིན་ཕིང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ངོ་བོའི་ཁྱད་ཆོས་དང་ནང་དོན་གྱི་སྙིང་པོ་དང་། དེ་བཞིན་ཀྲུང་གོའི་འཕེལ་རྒྱས་ཀྱི་མདུན་ལམ་དང་འཐབ་ཇུས་ཀྱི་བསམ་འདུན་རྒྱས་བཤད་གཏིང་ཟབ་གནང་ཞིང་། ཁོང་གིས་གསུངས་དོན། ཀྲུང་གོའི་འཕེལ་རྒྱས་ལ་རང་ངོས་ཀྱི་གཏན་ཚིགས་དང་ཆོས་ཉིད་ཡོད་པས། ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད། ཀྲུང་གོས་མི་སེར་སྤེལ་བའི་འཕྲོག་བཅོམ་གྱི་ལམ་རྙིང་པར་འགྲོ་མི་སྲིད་པ་དང་། རྒྱལ་ཁབ་སྟོབས་ཆེན་གྱིས་བཙན་དབང་བྱེད་པའི་ཀྱག་ཀྱོག་གི་ལམ་བུར་འགྲོ་མི་སྲིད་ལ། འདུ་ཤེས་འཛིན་སྟངས་གཞན་ལ་བཙན་འགེལ་ཡང་བྱེད་མི་སྲིད། ཀྲུང་གོར་ཨ་རི་ལས་རྒྱལ་བའམ་ཡང་ན་དེའི་ཚབ་བྱེད་པའི་འཆར་གཞི་མེད་ལ། ཨ་རིར་ཡང་ཀྲུང་གོར་བཙན་གནོན་དང་བཀག་སྡོམ་བྱེད་པའི་བསམ་བློ་ཡོད་མི་རུང་།

    ཞི་ཅིན་ཕིང་གིས་གསུངས་དོན། ཕན་ཚུན་བརྩི་འཇོག་དང་། ཞི་བདེ་མཉམ་གནས། མཉམ་ལས་གཉིས་ཁེ་བཅས་ཡོང་བ་བྱེད་པ་ནི་ལོ་50རིང་གི་ཀྲུང་ཨའི་འབྲེལ་བའི་ལོ་རྒྱུས་ཁྲོད་ཐོབ་པའི་ཉམས་མྱོང་ཞིག་ཡིན་ལ། ལོ་རྒྱུས་ཐོག་རྒྱལ་ཁབ་ཆེན་པོའི་དབར་གྱི་གདོང་ཐུག་ལས་བྱུང་བའི་བློ་སྒོ་འབྱེད་པ་ཞིག་ཀྱང་ཡིན་པས། དེ་ཕྱིར་ཀྲུང་ཨ་རྒྱལ་ཁབ་གཉིས་པོས་ཐུན་མོང་འབད་བརྩོན་གྱི་ཁ་ཕྱོགས་ཤིག་ཡིན་དགོས། ད་ཐེངས་ཅིའུ་ཅིན་ཧྲན་གྱི་ཞལ་འཛོམས་ལས་ཀྲུང་ཨ་རྒྱལ་ཁབ་གཉིས་ལ་ཕུགས་འདུན་གསར་པ་ཡོད་ངེས་པས་ཀྲུང་ཨའི་འབྲེལ་བའི་ཀ་རྟེན་ལྔ་བརྟན་དུ་གཏོང་བར་ཐུན་མོང་ཐོག་འབད་བརྩོན་བྱེད་དགོས།

    གཅིག་ནས་ཐུན་མོང་ཐོག་ངེས་ཤེས་ཡང་དག་ཡོང་བ་བྱེད་དགོས། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་བརྟན་ལྷིང་དང་། སྐྱོན་བྲལ། རྒྱུན་མཐུད་ཆོག་པ་བཅས་ཀྱི་ཀྲུང་ཨའི་འབྲེལ་བ་འཛུགས་རྒྱུར་གཞོལ་བཞིན་ཡོད། དེ་དང་ཆབས་ཅིག་ཀྲུང་གོར་ངེས་པར་དུ་སྲུང་སྐྱོང་བྱེད་དགོས་པའི་ཁེ་ཕན་དང་། ངེས་པར་དུ་སྲུང་སྐྱོང་བྱེད་དགོས་པའི་རྩ་དོན། ངེས་པར་དུ་བརྟན་སྲུང་བྱེད་དགོས་པའི་མཐའ་ཚད་བཅས་ཡོད། རྒྱལ་ཁབ་གཉིས་པོས་རོགས་ཟླ་བྱས་ཏེ་ཕན་ཚུན་བརྩི་འཇོག་དང་ཞི་བདེ་མཉམ་གནས་བྱེད་པའི་རེ་བ་ཡོད།

    གཉིས་ནས་ཐུན་མོང་ཐོག་མི་མཐུན་པའི་ཆ་དོ་དམ་དང་ཚོད་འཛིན་ནུས་ལྡན་བྱེད་དགོས། མི་མཐུན་པའི་ཆ་འདི་ཉིད་རྒྱལ་ཁབ་གཉིས་པོའི་དབར་འཕྲེད་དུ་བཅད་པའི་གྲོག་རོང་ཆེན་པོར་འགྱུར་མི་རུང་བར། ཐབས་ཤེས་བཏོན་ནས་ཕྱོགས་གཉིས་སུ་སྐྱོད་པའི་སྦྲེལ་ཟམ་འཛུགས་དགོས། ཕྱོགས་གཉིས་པོས་ཕན་ཚུན་དབར་གྱི་རྩ་དོན་གྱི་མཐའ་ཚད་ཤེས་རྟོགས་བྱས་ཏེ་རྙོག་དྲ་མི་བཟོ་བ་དང་། རྩོད་གཞི་མི་སློང་བ། མཚམས་ལས་མི་སྒྲོལ་བ་བཅས་བྱས་ནས་འབྲེལ་བ་མང་ཙམ་བྱེད་པ་དང་། སྐད་ཆ་ཤོད་རེས་མང་ཙམ་བྱེད་པ། གྲོས་བསྡུར་མང་ཙམ་བྱས་ཏེ་མི་མཐུན་པའི་ཆ་དང་བསམ་ཡུལ་ལས་འདས་པའི་གནས་ཚུལ་ཡིད་རྣལ་དུ་ཕབ་ནས་ཐག་གཅོད་བྱེད་དགོས།

    གསུམ་ནས་ཐུན་མོང་ཐོག་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། ཁྱབ་ཁོངས་མང་པོར་ཀྲུང་གོ་དང་ཨ་རིའི་དབར་ཐུན་མོང་གི་ཁེ་ཕན་རྒྱ་ཁྱབ་ཏུ་གནས་ཡོད། དེའི་ནང་དཔལ་འབྱོར་ཚོང་དོན་དང་ཞིང་ལས་སོགས་སྲོལ་རྒྱུན་གྱི་ཁྱབ་ཁོངས་ཚུད་ཡོད་ལ། གནམ་གཤིས་འགྱུར་ལྡོག་དང་མི་ཐབས་རིག་ནུས་སོགས་གསར་དར་ཁྱབ་ཁོངས་ཀྱང་ཚུད་ཡོད། མིག་སྔའི་དུས་བབ་འོག་རྒྱལ་ཁབ་གཉིས་པོའི་ཐུན་མོང་གི་ཁེ་ཕན་ཉུང་དུ་ཕྱིན་མེད་པར་དེ་བས་མང་དུ་ཕྱིན་ཡོད་པས། ཕྱོགས་གཉིས་པོས་ཕྱི་འབྲེལ་དང་། དཔལ་འབྱོར། དངུལ་རྩ། ཚོང་དོན། ཞིང་ལས་སོགས་ཀྱི་ཁྱབ་ཁོངས་སུ་སླར་གསོ་བྱས་པའམ་ཡང་ན་གསར་དུ་བཙུགས་པའི་ལམ་སྲོལ་གང་ལེགས་སྤྱད་དེ་དུག་འགོག་དང་། ཁྲིམས་འཛིན་ཁྲིམས་སྒྱུར། མི་ཐབས་རིག་ནུས། ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་བྱེད་དགོས།

    བཞི་ནས་ཐུན་མོང་ཐོག་རྒྱལ་ཁབ་ཆེན་པོའི་འགན་འཁྲི་ཁུར་དགོས། མིའི་རིགས་ཀྱི་སྤྱི་ཚོགས་ལ་འཕྲད་པའི་རྙོག་དྲ་ཐག་གཅོད་བྱེད་པར་རྒྱལ་ཁབ་ཆེན་པོའི་དབར་མཉམ་ལས་བྱ་རྒྱུ་དང་ཁ་འབྲལ་ཐབས་མེད། ཀྲུང་གོ་དང་ཨ་རིས་མིག་དཔེ་བསྟན་ནས་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་མཐུན་སྦྱོར་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ་གོ་ལ་ཧྲིལ་པོར་སྤྱི་པའི་ཐོན་རྫས་དེ་བས་མང་བ་མཁོ་འདོན་བྱེད་དགོས། ཕྱོགས་གཉིས་པོས་བཏོན་པའི་གྲོས་འགོ་ཕན་ཚུན་སྒོ་དབྱེ་དང་མཐུན་སྦྱོར་སྦྲེལ་མཐུད་བྱས་ནས་མཉམ་ཤུགས་ཤིག་ཆགས་པར་བྱས་ཏེ་འཛམ་གླིང་ལ་བདེ་སྐྱིད་སྐྲུན་དགོས།

    ལྔ་ནས་ཐུན་མོང་ཐོག་མི་ཆོས་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་གཉིས་པོའི་དུས་གཏན་གནམ་གྲུ་མང་དུ་བཏང་ནས་ཡུལ་སྐོར་མཉམ་ལས་ལ་སྐུལ་འདེད་དང་། ས་གནས་དབར་འགྲོ་འོང་བྱེད་རྒྱ་ཆེ་རུ་གཏོང་བ་དང་། སློབ་གསོ་དང་དབང་པོ་སྐྱོན་ཅན་གྱི་ལས་དོན་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། མི་ཆོས་རིག་གནས་སྤེལ་རེས་ལ་འགོག་རྐྱེན་བཟོ་བའི་ལྡོག་ཕྱོགས་ཀྱི་རྒྱུ་རྐྱེན་ཉུང་དུ་གཏོང་བ། རྒྱལ་ཁབ་གཉིས་པོའི་མི་དམངས་འགྲོ་འོང་དང་འབྲེལ་གཏུག་མང་ཙམ་བྱེད་པར་སྐུལ་ལྕག་དང་རྒྱབ་སྐྱོར་བཅས་བྱས་ཏེ་ཀྲུང་གོ་དང་ཨ་རིའི་འབྲེལ་བ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་རྨང་གཞི་བརྟན་པོ་འདིང་དགོས།

    ཞི་ཅིན་ཕིང་གིས་ཐའེ་དབན་གནད་དོན་ཐད་ཀྱི་རྩ་དོན་དང་ལངས་ཕྱོགས་རྒྱས་བཤད་གཏིང་ཟབ་གནང་ཞིང་། ཁོང་གིས། ཐའེ་དབན་གྱི་གནད་དོན་ནི་ཐོག་མཐའ་བར་གསུམ་དུ་ཀྲུང་ཨའི་འབྲེལ་བའི་ཁྲོད་ཀྱི་གལ་ཆེ་ཤོས་དང་ཚོར་སྣང་སྐྱེན་ཤོས་ཀྱི་གནད་དོན་ཞིག་རེད། པ་ལི་གླིང་ཕྲན་གྱི་ཞལ་འཛོམས་རིང་ཨ་རི་ཕྱོགས་ཀྱི་འབྲེལ་ཡོད་དགེ་མཚན་ལྡན་པའི་རྣམ་འགྱུར་ལ་ཀྲུང་གོ་ཕྱོགས་ཀྱིས་མཐོང་ཆེན་བྱེད་ཀྱི་ཡོད། ཨ་རི་ཕྱོགས་ཀྱིས“ཐའེ་དབན་རང་བཙན”ལ་རྒྱབ་སྐྱོར་མི་བྱེད་པའི་རྣམ་འགྱུར་དེ་ཞིབ་ཕྲའི་བྱ་སྤྱོད་ཐོག་མཚོན་པར་བྱས་ཏེ་ཐའེ་དབན་ལ་དྲག་ཆས་སྤྲོས་མཚམས་བཞག་ནས་ཀྲུང་གོའི་ཞི་བདེ་གཅིག་གྱུར་ལ་རྒྱབ་སྐྱོར་བྱེད་དགོས། ཀྲུང་གོ་མཐར་གཅིག་གྱུར་བྱེད་ངེས་ཡིན་ལ་གཅིག་གྱུར་ཡོང་ངེས་ཀྱང་རེད་ཅེས་གསུངས་པ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ཕྱིར་གཏོང་རྩིས་སྤྲོད་དོ་དམ་དང་། མ་འཇོག་ཞིབ་བཤེར། ཕྱོགས་རྐྱང་པའི་བཀག་སྡོམ་བཅས་ལ་ཨ་རིས་ཀྲུང་གོར་དམིགས་པའི་བྱེད་ཐབས་ཟམ་མི་ཆད་པར་སྤྱད་དེ་ཀྲུང་གོ་ཕྱོགས་ཀྱི་ལུགས་མཐུན་ཁེ་ཕན་ལ་གནོད་འཚེ་ཚབས་ཆེན་བཟོས་ཡོད། ཀྲུང་གོའི་འཕེལ་རྒྱས་ནི་གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་བ་ཞིག་ཡིན་ཞིང་། ཀྲུང་གོའི་ཚན་རྩལ་ལ་བཙན་གནོན་བྱེད་པ་ནི་ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བཀག་འགོག་བྱེད་པ་དང་ཀྲུང་གོ་མི་དམངས་ཀྱི་འཕེལ་རྒྱས་དབང་ཆ་བཙན་འཕྲོག་བྱས་པ་ཞིག་རེད། ཀྲུང་གོ་འཕེལ་རྒྱས་དང་རྒྱ་སྟོབས་ཆེ་རུ་འགྲོ་བར་ནང་སྐྱེས་གཏན་ཚིགས་ཡོད་པས་ཕྱིའི་སྟོབས་ཤུགས་ཀྱིས་བཀག་འགོག་བྱེད་མི་ཐུབ། ཀྲུང་གོ་ཕྱོགས་ཀྱི་དོ་ཁུར་ལ་ཨ་རི་ཕྱོགས་ཀྱིས་ལྟ་སྟངས་ནན་པོ་འཛིན་པ་དང་བྱ་སྤྱོད་སྤེལ་ནས་ཕྱོགས་རྐྱང་པའི་བཀག་སྡོམ་མེད་པར་བཟོས་ཏེ་ཀྲུང་གོའི་ཁེ་ལས་ལ་དྲང་གཞག་དང་། དྲང་བདེན། མཐོང་ཆུང་མི་བྱེད་པ་བཅས་ཀྱི་ཁོར་ཡུག་གཏོད་པའི་རེ་བ་ཡོད།

    ཞི་ཅིན་ཕིང་གདན་ཞུས་ལྟར་ཨ་ཀྲུང་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཞལ་འཛོམས་ལ་ཞུགས་པར་པའེ་ཀྲེན་གྱིས་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་ཤིང་། པའེ་ཀྲེན་གྱིས། ན་ནིང་ང་རང་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྷན་དུ་པ་ལི་གླིང་ཕྲན་དུ་ཞལ་འཛོམས་གལ་ཆེན་བྱས་པ་ཡིན། ཅིའུ་ཅིན་ཧྲན་ནི་ཕྱི་ཁོངས་ཀྲུང་གོ་བ་ཨ་རིར་སླེབས་སྔ་ཤོས་ཀྱི་ས་ཆ་ཞིག་དང་ཨ་རི་དང་ཀྲུང་གོས་ཐུན་མོང་ཐོག《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས》ལ་མིང་རྟགས་འགོད་ས་ཡིན་ལ། ཨ་རི་དང་ཀྲུང་གོའི་དབར་མཛའ་གྲོགས་ཀྱི་གྲོང་ཁྱེར་འཛུགས་སྔ་ཤོས་ཀྱི་ས་ཆ་ཞིག་ཀྱང་རེད། དེ་རིང་ང་ཚོས་ཅིའུ་ཅིན་ཧྲན་དུ་སླར་ཡང་ཞལ་འཛོམས་བྱས་པར་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན་ཡོད། པ་ལི་གླིང་ཕྲན་དུ་ཞལ་འཛོམས་བྱས་པའི་རྨང་གཞིའི་ཐོག་ཐུན་མོང་གི་ངོས་འཛིན་གསར་པ་དང་གྲུབ་འབྲས་གསར་པ་འཐོབ་པའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།

    པའེ་ཀྲེན་གྱིས་གསུངས་དོན། ཨ་རི་དང་ཀྲུང་གོའི་འབྲེལ་བ་ནི་འཛམ་གླིང་ཐོག་གི་ཕྱོགས་གཉིས་པོའི་འབྲེལ་བ་གལ་ཆེ་ཤོས་རེད། ཨ་ཀྲུང་དབར་གྱི་གདོང་ཐུག་ནི་མ་བྱུང་སྔོན་འགོག་བྱེད་མི་ཐུབ་པ་ཞིག་གཏན་ནས་མིན། བརྟན་ལྷིང་དང་འཕེལ་རྒྱས་འགྲོ་བཞིན་པའི་ཀྲུང་གོ་ནི་ཨ་རི་དང་འཛམ་གླིང་གི་ཁེ་ཕན་དང་མཐུན་ཡོད། ཀྲུང་གོའི་དཔལ་འབྱོར་འཕར་བ་དེ་ཨ་རིར་ཕན་ཐོགས་ཡོད་ལ་འཛམ་གླིང་ལའང་ཕན་ཐོགས་ཡོད་པར་ངས་ཐོག་མཐའ་བར་གསུམ་དུ་ངོས་འཛིན་བྱེད་ཀྱི་ཡོད། ཨ་རི་དང་ཀྲུང་གོའི་འབྲེལ་བ་བརྟན་ལྷིང་རྒྱུན་འཁྱོངས་དང་། གདོང་ཐུག་སྔོན་འགོག མི་མཐུན་པའི་ཆར་དོ་དམ་ཚོད་འཛིན་བཅས་བྱེད་པ་དང་འབྲེལ། ཕྱོགས་གཉིས་པོའི་ཁེ་ཕན་དང་མཐུན་པའི་ཁྱབ་ཁོངས་སུ་མཉམ་ལས་བྱེད་པ་དེ་རྒྱལ་ཁབ་གཉིས་པོས་རང་རང་སོ་སོ་དང་ཐུན་མོང་ལ་འཕྲད་པའི་གནད་དོན་ལ་དེ་བས་ལེགས་པའི་སྒོ་ནས་ཁ་གཏད་གཅོག་པར་ཕན་ཐོགས་ཡོད། པ་ལི་གླིང་ཕྲན་དུ་ཞལ་འཛོམས་བྱེད་རིང་ཁས་ལེན་བྱས་པའི་དོན་ཚན་ལྔ་ངས་བསྐྱར་བསྒྲགས་བྱེད་འདོད་ཡོད་པ་སྟེ། ཨ་རིས་འཇམ་འཐབ་གསར་པ་མི་འཚོལ་བ་དང་། ཀྲུང་གོའི་སྒྲིག་སྲོལ་ལ་འགྱུར་ལྡོག་གཏོང་ཐབས་མི་བྱེད་པ། མནའ་སྦྲེལ་གྱི་འབྲེལ་བ་ཟབ་ཏུ་བཏང་ནས་ཀྲུང་གོར་ངོ་རྒོལ་མི་བྱེད་པ། “ཐའེ་དབན་རང་བཙན”ལ་རྒྱབ་སྐྱོར་མི་བྱེད་པ། ཀྲུང་གོ་དང་གདོང་ཐུག་བྱེད་སེམས་མེད་པ་བཅས་རེད། ཨ་ཀྲུང་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་གཅིག་ལ་གཅིག་བརྟེན་ཡིན་པས་ཀྲུང་གོ་འཕེལ་རྒྱས་དང་ཕྱུག་པོ་ཆགས་པ་ཨ་རིས་མཐོང་འདོད་ཡོད་ལ། ཀྲུང་གོའི་འཕེལ་རྒྱས་ལ་བཙན་གནོད་དང་བཀག་སྡོམ་མི་བྱེད་པ་དང་ཀྲུང་གོ་དང་འབྲེལ་ཐག་གཅོད་རྩིས་མེད། ཨ་རི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལ་བརྩི་སྲུང་ནན་པོ་ཞུས་ནས་ཕྱོགས་གཉིས་པོའི་སྡེ་ཚན་ཁག་དང་རིམ་པ་ཁག་དབར་སྐད་ཆ་ཤོད་རེས་བྱེད་པར་དགའ་བསུ་ཞུ་རྒྱུ་དང་འབྲེལ། ཀྲུང་གོ་ཕྱོགས་དང་མཉམ་དུ་མུ་མཐུད་སྒོ་དབྱེ་དང་ཟོལ་མེད་ཀྱི་འབྲེལ་བ་རྒྱུན་འཁྱོངས་བྱས་ཏེ། ཤེས་རྟོགས་བྱེད་ཟབ་ཏུ་གཏོང་བ་དང་། གོ་ནོར་མི་ཐེབས་པ། མི་མཐུན་སར་དོ་དམ་ཚོད་འཛིན་བཅས་བྱེད་འདོད་ཡོད། ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་དཔལ་འབྱོར་ཚོང་དོན་འབྲེལ་བ་རྒྱུན་མཐུད་འཕེལ་རྒྱས་བཏང་ནས་གནམ་གཤིས་འགྱུར་ལྡོག་དང་། དུག་འགོག མི་ཐབས་རིག་ནུས་སོགས་ཀྱི་ཁྱབ་ཁོངས་གལ་ཆེན་གྱི་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ། རྒྱལ་ཁབ་གཉིས་པོས་ཐད་གཏོང་དུས་གཏན་གནམ་གྲུ་མང་དུ་གཏོང་བ་དང་སློབ་གསོ་དང་ཚན་རྩལ་གྱི་སྤེལ་རེས་དང་མི་སྣ་འགྲོ་འོང་བྱེད་རྒྱ་ཆེ་རུ་གཏོང་འདོད་ཡོད།

    ཕྱོགས་གཉིས་པོའི་ཚོགས་པས་པ་ལི་གླིང་ཕྲན་དུ་ཐུག་འཕྲད་བྱས་ཚུན་ཀྲུང་གོ་དང་ཨ་རིའི་འབྲེལ་བའི་མཛུབ་ཁྲིད་རྩ་དོན་ལ་གྲོས་བསྡུར་དང་གཏན་འཁེལ་བྱེད་པར་འབད་བརྩོན་བྱས་པར་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཁས་ལེན་གནང་ཞིང་། ཕན་ཚུན་བརྩི་འཇོག་དང་། ཞི་བདེ་མཉམ་གནས། འབྲེལ་གཏུག་རྒྱུན་འཁྱོངས། གདོང་ཐུག་སྔོན་འགོག 《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན》དམ་སྲུང་བཅས་བྱས་ནས་ཐུན་མོང་གི་ཁེ་ཕན་ཡོད་པའི་ཁྱབ་ཁོངས་སུ་མཉམ་ལས་བྱས་ཏེ་ཕྱོགས་གཉིས་པོའི་འབྲེལ་བའི་ཁྲོད་ཀྱི་འགྲན་རྩོད་རྒྱུ་རྐྱེན་ལ་འགན་ཁུར་ནས་དོ་དམ་ཚོད་འཛིན་བྱེད་དགོས་པའི་ནན་བཤད་གནང་བ་མ་ཟད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཕྱོགས་གཉིས་པོའི་ཚོགས་པས་མུ་མཐུད་དེའི་ཐད་གྲོས་བསྡུར་བྱེད་པར་དགའ་བསུའང་ཞུས་པ་རེད།

    རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་གོ་དང་ཨ་རིའི་ཁྱབ་ཁོངས་ཁག་གི་སྐད་ཆ་ཤོད་རེས་དང་མཉམ་ལས་ལ་སྐུལ་འདེད་དང་ཤུགས་སྣོན་རྒྱག་པར་མོས་མཐུན་གནང་ཞིང་། དེའི་ནང་སྲིད་གཞུང་དབར་མི་ཐབས་རིག་ནུས་ཀྱི་སྐད་ཆ་ཤོད་རེས་བྱེད་པ་དང་། ཀྲུང་ཨའི་དུག་འགོག་མཉམ་ལས་ལས་དོན་ཚོགས་ཆུང་བཙུགས་ནས་དུག་འགོག་མཉམ་ལས་བྱེད་པ། འདྲ་མཉམ་དང་བརྩི་འཇོག་གི་རྨང་གཞིའི་ཐོག་དམག་དཔུང་གཉིས་ཀྱི་མཐོ་རིམ་འབྲེལ་གཏུག་དང་། ཀྲུང་ཨའི་རྒྱལ་སྲུང་པུའི་ལས་དོན་ཞལ་འཛོམས། ཀྲུང་ཨའི་མཚོ་ཐོག་དམག་དོན་བདེ་འཇགས་གྲོས་མོལ་ལམ་སྲོལ་ཚོགས་འདུ་བཅས་སླར་གསོ་བྱས་ནས་ཀྲུང་ཨའི་དམག་དཔུང་གཉིས་ཀྱི་འཐབ་ཁུལ་གྱི་འགོ་ཁྲིད་དབར་འབྲེལ་གཏུག་བྱེད་པ། ཕྱི་ལོ་སྔ་ཙམ་དུས་གཏན་གནམ་གྲུ་སྔར་བས་མང་དུ་གཏོང་བར་མོས་མཐུན་བྱེད་པ། སློབ་གསོ་དང་། ཕྱི་སྦྱོང་སློབ་མ། གཞོན་ནུ། རིག་གནས། ལུས་རྩལ། བཟོ་ཚོང་ལས་རིགས་བཅས་ཀྱི་སྤེལ་རེས་རྒྱ་ཆེར་གཏོང་བ་སོགས་ཚུད་ཡོད་པ་རེད།

    རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་མིག་སྔའི་འགག་རྩའི་ལོ་བཅུའི་ནང་ཀྲུང་གོ་དང་ཨ་རིས་གནམ་གཤིས་ཀྱི་ཉམས་ཉེན་ལ་ཁ་གཏད་གང་མགྱོགས་གཅོག་པར་འབད་བརྩོན་བྱེད་པའི་གལ་ཆེའི་རང་བཞིན་ནན་བཤད་གནང་བ་དང་། རྒྱལ་ཁབ་གཉིས་པོའི་གནམ་གཤིས་ཀྱི་དམིགས་བསལ་ཕོ་ཉས་ཉེ་དུས་གྲོས་བསྡུར་ཧུར་ཐག་བྱས་པར་དགའ་བསུ་ཞུས་ཤིང་། དེའི་ནང་2020ལོར་རྒྱལ་ནང་གི་བཙོག་འབུད་ཉུང་གཏོང་བྱ་སྤྱོད་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་གི་ཏི་པའེ་ཚོགས་ཆེན(COP28)ལེགས་འགྲུབ་ཡོང་བར་མཉམ་དུ་སྐུལ་འདེད་བཏང་བ། ཀྲུང་ཨའི“དུས་རབས་21པའི་ལོ་རབས་20པའི་གནམ་གཤིས་བྱ་སྤྱོད་ཀྱི་ལས་དོན་ཚོགས་ཆུང”བཙུགས་ནས་ཞིབ་ཕྲའི་གནམ་གཤིས་བྱ་སྤྱོད་སྤེལ་མགྱོགས་སུ་གཏོང་བ་ཚུད་ཡོད་པ་རེད།

    གྲོས་མོལ་མཇུག་འགྲིལ་རྗེས་པའེ་ཀྲེན་གྱིས་ཞི་ཅིན་ཕིང་ལ་ཉིན་དགུང་གི་གསོལ་སྟོན་བཤམས་པ་དང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཐུན་མོང་ཐོག་དོ་ཁུར་གནང་བའི་ཕ་ལེ་སི་ཐན་དང་དབྱི་སི་རལ་དབར་གྱི་གདོང་ཐུག་སོགས་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གནང་བ་རེད།

    ད་དུང་པའེ་ཀྲེན་གྱིས་ཞི་ཅིན་ཕིང་ཧྥེ་ལོ་ལི་གཞིས་ཀར་སྤྲོ་འཆམ་ལ་ཕེབས་པར་གདན་དྲངས་པ་དང་འབྲེལ། སྐུ་ངོ་མས་ཞི་ཅིན་ཕིང་རླངས་འཁོར་འཇོག་སར་ཕེབས་སྐྱེལ་ཞུས་པ་རེད།

    ད་ཐེངས་ཀྱི་ཞལ་འཛོམས་ལ་ཕན་ནུས་དང་། ཕྱོགས་ཡོངས། དགེ་མཚན་རང་བཞིན་བཅས་ལྡན་པས། ཀྲུང་གོ་དང་ཨ་རིའི་འབྲེལ་བ་ལེགས་སུ་དང་འཕེལ་རྒྱས་འགྲོ་བར་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ཅིའུ་ཅིན་ཧྲན་ཀྲུང་ཨའི་འབྲེལ་བ་བརྟན་པོ་ཡོང་བའི་འགོ་འཛུགས་ས་གསར་པ་ཞིག་ཏུ་འགྱུར་ངེས་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཕྱོགས་གཉིས་པོའི་ཚོགས་པས་པ་ལི་གླིང་ཕྲན་གྱི་ཞལ་འཛོམས་ཀྱི་ཐུན་མོང་ངོས་འཛིན་དོན་འཁྱོལ་ཡག་པོ་བྱེད་པའི་རྨང་གཞིའི་ཐོག ད་ཐེངས་ཀྱི་ཞལ་འཛོམས་རྗེས་ཀྱི་རེ་འདོད་གསར་པར་དུས་ཐོག་ཏུ་རྗེས་སྙེག་དང་དོན་འཁྱོལ་བྱེད་པའི་འགན་དཀྲིས་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་རྒྱུན་གཏན་རང་བཞིན་གྱི་འབྲེལ་བ་མུ་མཐུད་རྒྱུན་འཁྱོངས་བྱེད་པའི་མོས་མཐུན་གནང་བ་རེད།

    ཚའེ་ཆི་དང་ཝང་དབྱི་གོང་གསལ་གྱི་བྱེད་སྒོར་ཞུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།