མཚོ་སྔོན་ཞིང་ཆེན་གྱིས་ལྗང་མདོག་ཐཱན་ཉུང་གི་རྒྱུན་འཁོར་དཔལ་འབྱོར་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་11ཚེས་13ཉིན། གསར་འགོད་པར་མཚོ་སྔོན་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་ཞིང་ཆེན་གྱི་རྒྱུན་འཁོར་དཔལ་འབྱོར་ནི་དེ་སྔའི་བཟོ་ལས་ཁྱབ་ཁོངས་ནས་ཞིང་ལས་དང་ཞབས་ཞུའི་ལས་རིགས་དང་དེ་བཞིན་སྤྱི་ཚོགས་ཀྱི་རིམ་ངོས་མི་འདྲ་བར་རིམ་བཞིན་རྒྱ་སྐྱེད་བྱུང་ནས། ཞིང་འབྲོག་ཐོན་རྫས་འདེབས་འཛུགས་གསོ་ཚགས་དང་། ལས་སྣོན་ཞིབ་ཚགས། ཟོག་རོ་ཕྱོགས་བསྡུས་བེད་སྤྱོད་བཅས་ཀྱི་རྒྱུན་འཁོར་རྣམ་པའི་ཞིང་འབྲོག་ལས་རིགས་ཀྱི་མ་ལག་དང་། ནུས་རྒྱུ་སྐས་རིམ་བཞིན་བེད་སྤྱོད་དང་། ཆུའི་ཐོན་ཁུངས་རྒྱུན་འཁོར་བེད་སྤྱོད། ཟོག་རོ་ཉོ་ཚོང་བེད་སྤྱོད། ས་ཞིང་ལེགས་བསྡུས་བེད་སྤྱོད་བཅས་ཀྱི་རྒྱུན་འཁོར་རྣམ་པའི་བཟོ་ལས་ཀྱི་མ་ལག ཞབས་ཞུའི་བྱེད་པོ་ལྗང་མདོག་ཅན་དང་། ཞབས་ཞུའི་བརྒྱུད་རིམ་དྭངས་གཙང་ཅན། ཞབས་ཞུའི་ལས་རིགས་དང་ཐོན་ལས་གཞན་དག་མཉམ་འདྲེས་འཕེལ་རྒྱས་བཅས་ཀྱི་རྒྱུན་འཁོར་རྣམ་པའི་ཞབས་ཞུའི་ལས་རིགས་ཀྱི་མ་ལག་བཅས་སྤྱིར་ན་གྲུབ་ཡོད་པ་རེད།
འཛུགས་སྐྲུན་མགྱོགས་པོ་བྱས་པ་བརྒྱུད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཆན་བཀོད་བཀའ་ལན་གནང་བའི་ཚྭ་འདམ་རྒྱུན་འཁོར་དཔལ་འབྱོར་ཚོད་ལྟའི་ཁུལ་གྱི་དུས་མཚམས་རང་བཞིན་གྱི་འཛུགས་སྐྲུན་དམིགས་ཚད་དང་ལས་འགན་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱས་ཏེ། ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་བྱེད་རྒྱུ་ལྟེ་བར་བྱེད་པ་དང་ཐོན་ལས་མང་པོ་མཉམ་འདྲེས་འཕེལ་རྒྱས་འགྲོ་བའི་རྒྱུན་འཁོར་དཔལ་འབྱོར་གླིང་ཁུལ་གྱི་དཔེ་དབྱིབས་བཏོད་པ་རེད། མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་རྒྱུན་འཁོར་དཔལ་འབྱོར་འཕེལ་རྒྱས་སྔོན་སྤེལ་ཁུལ་གྱི་ལོ་བརྒྱད་རིང་གི་འཛུགས་གཏོད་ལས་འགན་དུས་བཀག་ལྟར་ལེགས་སྒྲུབ་བྱུང་བས་ཚྭ་མཚོའི་རྫས་འགྱུར་བཟོ་ལས་དང་། སྣུམ་རླངས་རྫས་འགྱུར་བཟོ་ལས། ལྕགས་རིགས་བཞུ་བ། ནུས་རྒྱུ་གསར་པ། རྒྱུ་ཆ་གསར་པ་སོགས་ཐོན་ལས་མང་པོ་སྣུར་སྲིང་མཉམ་འདྲེས་བཅས་ཀྱི་རྒྱུན་འཁོར་དཔལ་འབྱོར་གྱི་ཐོན་ལས་མ་ལག་ཆགས་ནས། ཟི་ལིང་དང་། མཚོ་ཤར། མཚོ་ནུབ་བཅས་ཀྱི་གླིང་ཁུལ་ཆེན་པོ་གསུམ་རྒྱུན་འཁོར་དཔལ་འབྱོར་འཕེལ་རྒྱས་ཀྱི་གཞི་རྟེན་གཙོ་བོར་གྱུར་ཡོད། ཞིང་ཆེན་ཡོངས་ཀྱི་ཞིང་ཆེན་རིམ་པ་ཡན་གྱི་གླིང་ཁུལ་15ཡི་ཁྲོད་ཀྱི་གླིང་ཁུལ་6ལ་རྒྱལ་ཁབ་ཀྱི་རྒྱུན་འཁོར་ཅན་གྱི་དཔལ་འབྱོར་སྒྱུར་བཀོད་དཔེ་སྟོན་ཚོད་ལྟའི་དུས་མཇུག་གི་རྩིས་ལེན་བྱུང་བ་མ་ཟད། ད་དུང་རྨ་ཙོང་ཁུལ་གསར་གྱི་ཐཱན་མེད་ཐོན་ལས་གླིང་ཁུལ་སྐྲུན་འགོ་ཚུགས་ནས། འགོ་ཚུགས་ས་གསར་པའི་ཐོག་རྒྱུན་འཁོར་དཔལ་འབྱོར་འཕེལ་རྒྱས་ལ་ཤུགས་སྣོན་རྒྱག་པར་རྨང་གཞི་བརྟན་པོ་བཏིངས་ཡོད་པ་རེད།
འགྱིག་སྙིགས་སྦགས་བཙོག་བཅོས་སྒྲིག་དང་། མྱུར་སྐྱེལ་ཐུམ་སྒྲིལ་ལྗང་མདོག་གཞན་སྒྱུར། བེད་མེད་རླངས་འཁོར་བཅོས་སྒྲིག་སོགས་རྒྱུན་འཁོར་དཔལ་འབྱོར་ཁྱབ་ཁོངས་ཀྱི“འགག་རྩའི་དོན་ཆུང”རྒྱུན་མཐུད་དམ་འཛིན་བྱས་ནས《མཚོ་སྔོན་ཞིང་ཆེན་གྱི“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་འགྱིག་སྙིགས་སྦགས་བཙོག་བཅོས་སྒྲིག་བྱ་སྤྱོད་ཇུས་གཞི》དང《མཚོ་སྔོན་ཞིང་ཆེན་གྱིས་མྱུར་སྐྱེལ་ཐུམ་སྒྲིལ་ལྗང་མདོག་གཞན་སྒྱུར་ལ་སྐུལ་འདེད་མགྱོགས་པོ་གཏོང་བའི་ལག་བསྟར་ཇུས་གཞི》སོགས་སྲིད་ཇུས་དང་བྱེད་ཐབས་བཏོན་ནས། ལས་དོན་ཁག་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་འདེད་ཏན་ཏིག་བཏང་བ་རེད། ཐོན་སྐྱེད་དང་། ཕྱིར་འཚོང་། བེད་སྤྱོད། ཚུར་བསྡུ། གཙང་སེལ་སོགས་འཁོར་འབྲེལ་ཧྲིལ་པོ་ནས་ཞིང་ཆེན་ཡོངས་སུ་འགྱིག་སྙིགས་སྦགས་བཙོག་བཅོས་སྒྲིག་དང་མྱུར་སྐྱེལ་ཐུམ་སྒྲིལ་ལྗང་མདོག་གཞན་སྒྱུར་ལ་སྐུལ་འདེད་བཏང་བས། མིག་སྔར་ཞིང་ཆེན་ཡོངས་ཀྱི་ཚོང་ར་ཆེ་འབྲིང་དང་། སྒོ་རྩིས་ཚོང་ཁང་། དེབ་ཁང་སོགས་དང་དེ་བཞིན་བཟའ་བཅའ་ཐུམ་སྒྲིལ་མངག་སྐྱེལ་ཞབས་ཞུ་སོགས་ཀྱིས་འགྱིག་རྫས་ཧ་ལམ་སྤྱོད་ཀྱི་མེད་ལ་ཞིང་སྤྱོད་འགྱིག་ཤོག་ཚུར་བསྡུ་ཚད་90%ཟིན་པ་དང་། སྦྲག་སྲིད་མྱུར་སྐྱེལ་དྲ་ཚིགས་ཁག་གིས་འགྱིག་ཐུམ་སྤྱོད་རྒྱུ་ཁྱོན་ཡོངས་ནས་བཀག་པ། ཚད་གཞི་དང་མཐུན་པའི་ཐུམ་སྒྲིལ་རྒྱུ་ཆ་སྤྱོད་ཚད་98.6%ཟིན་པ་བཅས་བྱུང་ནས། ཧ་ལམ་ཞིང་ཆེན་ཡོངས་སུ་རྒྱུན་འཁོར་ཆོག་པའི་བར་བརྗེས་ཁུག་མ་རྒྱུན་འཁོར་བེད་སྤྱོད་ཐུབ་ཡོད་པ་རེད། ལོ་འཁོར་གྱི་བེད་མེད་རླངས་འཁོར་གྱི་ཆེད་དོན་བཅོས་སྒྲིག་ལས་དོན་ལ་ཕན་འབྲས་ཐོན་ནས། 2023ལོའི་ལོ་སྟོད་དུ། ཞིང་ཆེན་ཡོངས་སུ་བེད་མེད་རླངས་འཁོར་ཁྱོན་1416གྲལ་བཤེར་ཐུབ་པ་ལས་རླངས་འཁོར་1012ཐག་གཅོད་བྱས་པ་རེད།