དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དུས་ཚིགས་དང་པོ་ནས་གསུམ་པའི་བར་རྒྱལ་ཡོངས་སུ་གསར་དུ་བཙུགས་པའི་དམངས་གཉེར་ཁེ་ལས་དུས་མཚུངས་ལས་15.3%འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-11-17

    གསར་འགོད་པར་ཟླ་11ཚེས་14ཉིན་རྒྱལ་ཁབ་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། དུས་ཚིགས་དང་པོ་ནས་གསུམ་པའི་བར་རྒྱལ་ཡོངས་སུ་གསར་དུ་བཙུགས་པའི་དམངས་གཉེར་ཁེ་ལས་ཁྲི་706.5ཟིན་པ་དེ་དུས་མཚུངས་ལས་15.3%འཕར་ཡོད། ཟླ་9པའི་ཟླ་མཇུག་བར་རྒྱལ་ཡོངས་སུ་ཐོ་འགོད་བྱས་པའི་དམངས་གཉེར་ཁེ་ལས་ཁྲི་5200ལྷག་ཙམ་ཟིན་པ་དང་། ཁེ་ལས་སྤྱི་འབོར་ཁྲོད་དམངས་གཉེར་ཁེ་ལས་ཀྱིས་བཟུང་བའི་བསྡུར་གྲངས་92.3%ཟིན་ཡོད།

    རྒྱལ་ཁབ་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་དབྱེ་ཞིབ་བྱས་པར་གཞིགས་ན། དུས་ཚིགས་དང་པོ་ནས་གསུམ་པའི་བར་རྒྱལ་སྤྱིའི་ཁོར་ཡུག་རྙོག་འཛིང་ཆེ་ལ་ཛ་དྲག་པ་དང་རྒྱལ་ནང་གི་དཔལ་འབྱོར་ཆག་པའི་གནོན་ཤུགས་ཆེ་རུ་འགྲོ་བའི་རྒྱབ་ལྗོངས་འོག དམངས་གཉེར་ཁེ་ལས་ཀྱི་འཕེལ་རྒྱས་ཀྱི་ལྡེམ་ཤུགས་རིམ་བཞིན་མངོན་གྱི་ཡོད། ལྷག་པར་དུ་ཏང་ཀྲུང་དབྱང་གིས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་དོན་འཁྱོལ་བྱས་པ་དང་བསྟུན་ནས་རང་རྒྱལ་གྱི་དམངས་གཉེར་ཁེ་ལས་འཕེལ་རྒྱས་ཀྱི་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་ནས་དམངས་གཉེར་ཁེ་ལས་ཀྱི་སྔོན་དཔག་དང་གདེང་ཚོད་བརྟན་པོའི་ངང་ཆེ་རུ་ཕྱིན་ཏེ་འཕེལ་ཕྱོགས་ལེགས་པོ་ཡོད།

    དམངས་གཉེར་ཁེ་ལས་ཀྱི་ས་ཁོངས་འཕེལ་རྒྱས་དེ་བས་དོ་སྙོམས་བྱུང་ཞིང་། དུས་ཚིགས་དང་པོ་ནས་གསུམ་པའི་བར་ཤར་རྒྱུད་དང་། དབུས་རྒྱུད། ནུབ་རྒྱུད། བྱང་ཤར་རྒྱུད་བཅས་ཡུག་ཁུལ་ཆེ་གྲས་བཞིའི་དམངས་གཉེར་ཁེ་ལས་ཚང་མ་བརྟན་ཐོག་ཡར་འཕེལ་གྱི་འཕེལ་ཕྱོགས་རྒྱུན་འཁྱོངས་ཐུབ་ཡོད། ཤར་རྒྱུད་ས་ཁུལ་དུ་གསར་དུ་བཙུགས་པའི་དམངས་གཉེར་ཁེ་ལས་ཁྲི་351.0ཟིན་པ་དེ་དུས་མཚུངས་ལས་12.6%འཕར་བ་དང་། དབུས་རྒྱུད་ས་ཁུལ་དུ་གསར་དུ་བཙུགས་པའི་དམངས་གཉེར་ཁེ་ལས་ཁྲི་176.6ཟིན་པ་དེ་དུས་མཚུངས་ལས་16.0%འཕར་བ། ནུབ་རྒྱུད་ས་ཁུལ་དུ་གསར་དུ་བཙུགས་པའི་དམངས་གཉེར་ཁེ་ལས་ཁྲི་149.0ཟིན་པ་དེ་དུས་མཚུངས་ལས་23.3%འཕར་བ། བྱང་ཤར་ས་ཁུལ་དུ་གསར་དུ་བཙུགས་པའི་དམངས་གཉེར་ཁེ་ལས་ཁྲི་29.9ཟིན་པ་དེ་དུས་མཚུངས་ལས་7.4%འཕར་ཡོད།

    དམངས་གཉེར་ཁེ་ལས་ཀྱི་ཐོན་ལས་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཞིང་། དུས་ཚིགས་དང་པོ་ནས་གསུམ་པའི་བར་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་སུ་གསར་དུ་བཙུགས་པའི་དམངས་གཉེར་ཁེ་ལས་ཁྲི་28.4དང་། ཁྲི་111.6 ཁྲི་566.5བཅས་སོ་སོར་ཟིན་པ་དང་། ཐོན་ལས་གསུམ་པའི་བསྡུར་ཚད་བཅུ་ཆ་བརྒྱད་ལྷག་ཙམ་ཟིན་ཡོད། ཁྲོམ་ར་སྟོབས་ཆེན་གྱི་ལེགས་ཆར་བརྟེན་ནས་མང་ཚོགས་ཀྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་དམངས་འཚོའི་ལས་རིགས་རྒྱུན་མཐུད་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང“ཞག་སྡོད་དང་བཟའ་བཏུང་ལས་རིགས”དང་། “བོགས་གཏོང་དང་ཚོང་དོན་ཞབས་ཞུའི་ལས་རིགས” “སྡེབ་ཚོང་དང་སིལ་ཚོང་ལས་རིགས”བཅས་སུ་གསར་དུ་བཙུགས་པའི་དམངས་གཉེར་ཁེ་ལས་ཀྱི་འཕར་ཚད་40.3%དང་། 23.1% 17.4%བཅས་སོ་སོར་ཟིན་ཡོད།

    “དཔལ་འབྱོར་གྱི་རྣམ་པ་གསར་པ་བཞི”དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་དགེ་མཚན་གསར་པར་གྱུར་ཡོད། དུས་ཚིགས་དང་པོ་ནས་གསུམ་པའི་བར“དཔལ་འབྱོར་གྱི་རྣམ་པ་གསར་པ་བཞིའི”དམངས་གཉེར་ཁེ་ལས་ཁྲི་300.4གསར་དུ་བཙུགས་པ་དེས་དུས་མཚུངས་ཀྱི་གསར་དུ་བཙུགས་པའི་ཁེ་ལས་བསྡོམས་འབོར་གྱི་བཅུ་ཆ་བཞི་ཟིན་པའི་ནང“ནུས་རྒྱུ་གསར་པའི་བྱེད་སྒོ”དེ་དུས་མཚུངས་ལས་འཕར་མགྱོགས་ཤོས་རེད། 2023ལོའི་ཟླ་9པའི་ཟླ་མཇུག་བར་རང་རྒྱལ་གྱི“དཔལ་འབྱོར་གྱི་རྣམ་པ་གསར་པ་བཞིའི”དམངས་གཉེར་ཁེ་ལས་ཁྲི་2087.3ལྷག་ཙམ་ཟིན་ནས་དཔལ་འབྱོར་གསར་པའི་ལས་རྣམ་གསར་པ་འཕེལ་རྒྱས་ཤུགས་ཆེན་འགྲོ་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།