རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་2023ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་གསུམ་བརྒྱད་དར་དམར་བ་སྤྱི་ཚོགས་ནས་འོས་སྦྱོར་གྱི་མིང་ཐོ་འགོད་པའི་ལས་དོན་སྤེལ་འགོ་ཚུགས་པ།
གསར་འགོད་པར་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་རྟོགས་བྱུང་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་གསར་པའི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་མཉམ་སྡེབ་གླེང་མོལ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། ཀྲུང་གོའི་བུད་མེད་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པར་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་དོན་འཁྱོལ་བྱེད་པ་དང་། རྒྱ་ཆེའི་བུད་མེད་ཚོས་བྱ་གཞག་རླབས་པོ་ཆེ་སྐྲུན་མཁན་དང་། ཤེས་དཔལ་སྲོལ་བཟང་དར་སྤེལ་གཏོང་མཁན། ཕུགས་འདུན་འགྲུབ་ཕོད་མཁན་བཅས་ཀྱི་འབད་འཐབ་པ་བརྩོན་ལེན་བྱེད་པར་མཐུན་སྒྲིལ་དང་སྐུལ་སློང་གིས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་བུད་མེད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་ཆེད། ཚེས་14ཉིན་ནས་བཟུང་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་2023ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་གསུམ་བརྒྱད་དར་དམར་བ་སྤྱི་ཚོགས་ནས་འོས་སྦྱོར་གྱི་མིང་ཐོ་འགོད་པའི་ལས་དོན་སྤེལ་བ་རེད།
2023ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་གསུམ་བརྒྱད་དར་དམར་བ་སྤྱི་ཚོགས་ནས་འོས་སྦྱོར་བྱེད་སྐབས་རང་ངོས་ནས་འོས་སྦྱོར་དང་། མི་གཞན་གྱིས་འོས་སྦྱོར། ཚན་པས་འོས་སྦྱོར་བཅས་ཀྱི་བྱ་ཐབས་སྤྱོད་རྒྱུ་རེད། དཔྱད་འདེམས་ཀྱི་ཆ་རྐྱེན་འཛོམས་པའི་ཕུལ་བྱུང་བུད་མེད་ཚང་མ་སྤྱི་ཚོགས་ནས་འོས་སྦྱོར་བྱེད་པའི་ཐབས་ལམ་བརྒྱུད། རྒྱལ་ཡོངས་ཀྱི་གསུམ་བརྒྱད་དར་དམར་བའི་དཔྱད་འདེམས་ལ་ཞུགས་ཆོག་པ་དང་མིང་ཐོ་འགོད་པར་མི་གྲངས་ཀྱི་ཚད་བཀག་མེད། ཐོབ་ཐང་ཞིབ་དཔྱད་དང་། རྩ་འཛུགས་ཀྱི་ཞིབ་དཔྱད། དཔྱད་འདེམས་ཨུ་ལྷན་གྱི་དཔྱད་བཤེར། དྲ་རྒྱར་ཡོངས་བསྒྲགས་སོགས་ཀྱི་གོ་རིམ་བརྒྱུད་རྗེས། སྤྱི་ཚོགས་ནས་འོས་སྦྱོར་བྱས་པའི་རྒྱལ་ཡོངས་ཀྱི་གསུམ་བརྒྱད་དར་དམར་བའི་གྲོས་འགོའི་འོས་མི་ཐོན་གྱི་ཡོད་པ་རེད།
ད་ཐེངས་སྤྱི་ཚོགས་ནས་འོས་སྦྱོར་མིང་ཐོ་འགོད་སྐབས་དྲ་ཐོག་ཏུ་རེའུ་མིག་འགོད་འབུལ་གྱི་བྱ་ཐབས་སྤྱོད་རྒྱུ་དང་། མིང་ཐོ་འགོད་པའི་དུས་ཚད་ནི་2023ལོའི་ཟླ་12ཚེས་15ཉིན་བར་རེད།