དབུ་ཤོག>གསར་འགྱུར།>དམངས་འཚོ།
  • མངའ་རིས་ས་ཁུལ་གྱིས་རྒན་གསོའི་དྲོ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྲུན་པ།

    རྒས་དུས་འཚོ་རྟེན་ཡོད་ལ་འཚོ་བར་ལོངས་སྤྱོད་འཛོམས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-17

    “ལས་དོན་མི་སྣས་གཉེན་ཉེ་ལྟར་ངར་ལྟ་རྟོག་བྱེད་ཀྱི་འདུག” “འདི་གར་ང་ཚོ་ཡུལ་པོ་མེད་པ་མ་ཟད། ཁ་ལག་ཀྱང་ཧ་ཅང་ཞིམ་པོ་འདུག” “འདི་དག་ཚང་མ་ནི་ཏང་དང་སྲིད་གཞུང་གིས་ང་ཚོ་འབྲོག་ཁུལ་གྱི་རྒན་རྒོན་ཚོར་ཐུགས་ཁུར་གནང་བ་ལས་བྱུང་བ་ཞིག་རེད། ཏང་གིས་ཐུགས་ཁུར་གཟབ་བཞེས་དང་གཅེས་སྐྱོང་གནང་བར་ཐུགས་རྗེ་ཆེ་ཞུ་གི་ཡིན། ང་ཚོས་ཏང་གི་བཀའ་དྲིན་ནམ་ཡང་བརྗེད་མི་སྲིད”ཅེས་པ་ལ་སོགས། གསར་འགོད་པས་མངའ་རིས་ས་ཁུལ་སྒེར་རྩེ་རྫོང་རྒན་རྒོན་ཉིན་མོའི་ལྟ་སྐྱོང་ལྟེ་གནས་སུ་བཅར་འདྲི་བྱེད་སྐབས་ཐུགས་རྗེ་ཆེ་ཞུ་བའི་སྐད་ཆ་མང་དག་ཅིག་ཐོས་བྱུང་།

    སྒེར་རྩེ་རྫོང་རྒན་རྒོན་ཉིན་མོའི་ལྟ་སྐྱོང་ཞབས་ཞུའི་ལྟེ་གནས་སུ་སྐྱོད་སྐབས། ཡངས་ཤིང་གཙང་སྦྲ་དོད་པའི་བྱེད་སྒོ་ཁང་དུ་རྒན་རྒོན་ཚོ་ཅི་འཕྲོས་མོལ་འཕྲོས་བྱེད་པ་དང་། ཤོ་རྒྱག་པ། མཱ་ཅང་རྒྱག་པ་ལ་སོགས་སྣང་བ་སྐྱིད་པོས་འཚོ་བར་རོལ་བཞིན་མཆིས།

    ཤེས་རྟོགས་བྱུང་བར་གཞིགས་ན། སྒེར་རྩེ་རྫོང་རྒན་རྒོན་ཉིན་མོའི་ལྟ་སྐྱོང་ཞབས་ཞུའི་ལྟེ་གནས་ཀྱིས་སྔ་རྗེས་སུ་མ་དངུལ་སྒོར་ཁྲི་500ལྷག་ཙམ་བཏང་ནས་མ་བྱན་དང་། མ་བྱན་གྱི་ལག་གཡོག ནད་སྐྱོང་བ་སོགས་ལས་དོན་མི་སྣ་8ཡོངས་བསྒྲགས་ངང་བསྡུས་པ་མ་ཟད། དེའི་ནང་ཐབ་ཚང་དང་། མིག་མངས་ཁང་། ངལ་གསོ་ཁང་། ལུས་སྦྱོང་ཁང་། གོས་འཁྲུད་ཁང་སོགས་ལེ་ལག་ཚང་བའི་ཞབས་ཞུའི་སྒྲིག་བཀོད་ཀྱང་ཡོད།

    འཐུས་སྒོ་ཚང་བའི་མཁྲེགས་ཆས་ཡོད་པ་མ་ཟད། ཉིན་མོའི་ལྟ་སྐྱོང་ལྟེ་གནས་ཀྱི་ཞབས་ཞུ་དེ་བས་ཡག་པོ་ཡོད་པ་རེད། ལྟེ་གནས་ཀྱིས་རིན་མི་དགོས་པར་ཁ་ལག་མཁོ་འདོན་བྱས་པ་ལས་གཞིས་ལུས་རྒན་རྒོན་གྱི་ཁ་ལག་བཟོ་བའི་དཀའ་གནད་ཐག་གཅོད་ནུས་ལྡན་ཐུབ་པ་དང་། འཚོ་བཅུད་ཕུན་སུམ་ཚོགས་པའི་ཁ་ལག་ལས་རྒན་རྒོན་མང་པོ་ཞིག་དེར་ཁ་ལག་ཟ་བར་ཡོང་རྒྱུའི་ཡིད་དབང་བཀུག་ཡོད། སྒོ་ཕྱེ་ནས་ཉིན་20ཡང་མ་སོང་བར་ཁ་ལག་ཟ་མཁན་མི་ཐེངས་1200ལྷག་ཙམ་ཟིན་ཡོད་པ་རེད།

    སྒེར་རྩེ་རྫོང་ཙམ་མ་ཟད། མངའ་རིས་ས་ཁུལ་སྒར་རྫོང་སེང་གེ་ཁ་འབབ་གྲོང་རྡལ་གྱི“གཅིག་སྡུད་གཉིས”ཀྱི་བསྙེན་བཀུར་ལྟེ་གནས་སུ་རྒན་རྒོན་ཚོས་དགའ་སྤྲོའི་ངང་ཅི་འཕྲོས་མོལ་འཕྲོས་བྱེད་བཞིན་ཡོད་པ་དང་། ལ་ལས་ཤོ་རྒྱག་པ་དང་ལ་ལས་ལས་དོན་མི་སྣར་རང་ཉིད་ཀྱི་གཏམ་རྒྱུད་གླེང་བཞིན་འདུག

    2015ལོའི་ཟླ་12པར་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་ཁྲི་3000ལྷག་ཙམ་བཏང་ནས་མངའ་རིས་ས་ཁུལ་གྱི“གཅིག་སྡུད་གཉིས”ཀྱི་བསྙེན་བཀུར་ཞབས་ཞུའི་ལྟེ་གནས་བཙུཌ་པ་དང་ཆེད་མི་བཀོད་སྒྲིག་གིས་ཞབས་འདེགས་ཞུ་གི་ཡོད། དེ་དང་ཆབས་ཅིག་མངའ་རིས་ས་ཁུལ་མི་དམངས་སྨན་ཁང་དང་སྨན་རྩིས་ཁང་གིས་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་སུ་ནད་བརྟག་ཁང་བཙུགས་ནས་ཉིན་ལྟར་རྒན་རྒོན་ཚོར་སྨན་བཅོས་ཀྱི་ཞབས་འདེགས་ཞུ་ཡི་ཡོད།

    “འདིར་སླེབས་པ་ནས་བཟུང་ཟས་གོས་སྡོད་གསུམ་ལ་སེམས་ཁྲལ་བྱེད་མི་དགོས་ལ། ལས་དོན་མི་སྣའི་ལྟ་སྐྱོང་ཞིབ་ཚགས་འོག་ངའི་ཚེ་མཇུག་དེ་བས་བདེ་སྐྱིད་ལྡན་པ་ཞིག་ཏུ་གྱུར་སོང་། འདི་གའི་ལས་དོན་མི་སྣས་རང་ཉིད་ཀྱི་བུ་ཕྲུག་ལྟར་གཟའ་འཁོར་མི་རེ་ངོ་རེར་དུས་བཀག་ལྟར་ང་ཚོར་གཟུགས་པོ་འཁྲུད་བ་དང་། རྐང་པ་འཁྲུད་བ། སེན་མོ་འབྲེག་པ། གྱོན་ཆས་བཀྲུ་བ་སོགས་བྱེད་ཀྱི་ཡོད། ཏང་ཡོན་རྒན་གྲས་ཤིག་ཡིན་པའི་ངོས་ནས་ངས་དུས་དང་རྣམ་པ་ཀུན་ཏུ་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་ཀྲུང་གོ་གུང་ཁྲན་ཏང་གི་ཡང་དག་པའི་འགོ་ཁྲིད་དང་ཁ་འབྲལ་ཐབས་མེད་པ་སེམས་ལ་བརྟན་པོར་ངེས་པ་དང་། ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བར་ལེགས་པར་རོལ་ནས་ཏང་གི་བཀའ་དྲིན་འཇལ་གྱི་ཡིན”ཞེས་ད་ལོ་ལོ་82ལ་སླེབས་པའི་རྒད་པོ་ཚེ་བརྟན་གྱིས་བཤད།

    “མིག་སྔར་ལྟེ་གནས་སུ་རྒན་རྒོན་73ཡོད་ཅིང་། ཆ་སྙོམས་ལོ་ཚད་72ཡིན་པ་དང་ལོ་ན་བགྲེས་ཤོས་ལོ་96ལ་སླེབས་ཡོད། ཁོང་ཚོ་ཚང་མ་རིན་མི་དགོས་པར་དེར་སྡོད་ཀྱི་ཡོད་ལ་མི་རེར་ལོ་རེར་འཚོ་བའི་ཁ་གསབ་ཀྱང་སྤྲོད་ཀྱི་ཡོད། རྒན་རྒོན་ཚོའི་དུས་རྒྱུན་གྱི་རོལ་རྩེད་བྱེད་སྒོ་ཧ་ཅང་མང་པོ་ཡོད་པས་འཚོ་བ་ཕུན་སུམ་ཚོགས་པོ་ཡོད” མངའ་རིས་ས་ཁུལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་ཀྱི་འགན་འཁུར་བ་འཇམ་དཔལ་གྱིས“ང་ཚོས་བསམ་ཕྱོགས་གསར་པ་དང་བྱ་ཐབས་གསར་པ་མུ་མཐུད་འཚོལ་ཞིབ་བྱས་ཏེ། ལས་སྒོ་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་བསམ་བློའི་སློབ་གསོ་དང་དྲིལ་བསྒྲགས་ལས་དོན་མུ་མཐུད་ཡག་པོ་སྒྲུབ་པ། ལས་སྒོའི་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ། ཆེད་ལས་རྩལ་ནུས་ཆེ་རུ་གཏོང་བ། ལྟེ་གནས་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ནས། ཞབས་ཞུ་དོ་དམ་མི་གཤིས་ཅན་དང་། བཟའ་བཅའ་བཀོད་སྒྲིག་འཚོ་བཅུད་ཅན། སྨན་བཅོས་འཕྲོད་སྦྱོར་དྲག་སྐྱེད་ཅན། བདེ་ཐང་སྦྱོང་བརྡར་རྒྱུན་གཏན་ཅན་བཅས་ཡོང་བར་བྱས་ཏེ། སེང་གེ་ཁ་འབབ་ཀྱི‘གཅིག་སྡུད་གཉིས’ཀྱི་བསྙེན་བཀུར་ལྟེ་གནས་སྔར་བས་ལེགས་སུ་བཏང་ནས་རྒན་རྒོན་ཚོའི་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་གཉེར་བཞིན་ཡོད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།