དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ས་མཐོའི་འབྲོག་སྡེར་དྲ་ཐོག་ཚོང་དོན་དར།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ལིའུ་ཡུས་རུའེ།   |     སྤེལ་དུས།  2023-11-17

    ཀྱག་ཀྱོག་གི་ལམ་བུ་མང་པོ་བརྒྱུད་པ་དང་རི་མཐོ་གཡང་གཟར་མང་པོ་བརྒལ་རྗེས་ས་བབ་སྨི་3100ཟིན་པའི་མཚོ་སྔོན་ཞིང་ཆེན་མང་རྫོང་མགོ་མང་གཞོངས་གྲོང་རྡལ་རུ་སྡུན་ཞོལ་མ་གྲོང་ཚོའི་རྩྭ་རར་འབྱོར།

    “ཞོགས་པ་སྔ་པོ་ནས་སྐད་འཕྲིན་ཚོགས་པའི་ནང་འབྲི་གཡག་འཚོང་གི་ཡིན་ཞེས་ཟེར། ངས་ཉོས་པའི་འབྲི་གཡག་ལྔ་པོའི་སྤུ་མདོག་ཧ་ཅང་ཡག་པོ་འདུག”སྐད་ཆ་ཤོད་སྟངས་ལ་བལྟས་ན་མི་འདི་དེའི་ཐད་ཧ་ཅང་བྱང་ཆུབ་པ་ཞིག་ཡོང་བཟོ་འདུག དྲ་ཐོག་གན་རྒྱ་དང་ཁ་པར་ནས་རྩིས་བསྒྱུར་སོགས་ཆུ་ཚོད་ཕྱེད་ཀ་ཡང་མ་འགོར་བར་འབྲི་གཡག་ཚང་མ་རླངས་འཁོར་ནང་བླུགས་ཟིན། གཞོན་ནུ་དེས“དུས་ཚོད་དམ་འཛིན་བྱས་ན་མ་གཏོགས་ཆུ་ཚོད་72རྗེས་མཚོ་སྔོན་གྱི་ཚགས་ཤ་ཅང་སུའུ་ཡི་གསོལ་ལྕོག་ཐོག་གཤོམ་རྒྱུ་རེད”ཅེས་བཤད།

    གཞོན་ནུ་དེ་ནི་ས་གནས་དེ་གར་སྐད་གྲགས་ཡོད་པའི་དགུ་བཅུའི་ནང་སྐྱེས་ཀྱི་འབྲོག་པ་དཀོན་མཆོག་སྐྱབས་ཡིན་པ་རེད། གསར་འགོད་པས་ཁོང་དང་མཉམ་དུ་ས་མཐོའི་འབྲོག་ཁུལ་གྱི་སྤྱིར་བཏང་གི་གྲོང་རྡལ་ཆུང་ངུ་དེས་དྲ་སྤྲིན་རྩིས་རྒྱག་བརྒྱུད་གྲོང་གསེབ་དར་རྒྱས་ཀྱི་ལམ་བུར་ཇི་ལྟར་བསྐྱོད་པར་ལྟ་བར་ཕྱིན་པ་ཡིན།

    གྲངས་འཛིན་གསོ་ཚགས་ལ་བརྟེན་ནས་ནོར་ལུག་ལ“ཐོབ་ཐང་ལག་ཁྱེར”བླངས་པ།

    དཀོན་མཆོག་སྐྱབས་ཧ་གཉིད་གོ་བ་ནས་བཟུང་ཁྱིམ་དུ་འབྲི་གཡག་གསོས་པ་དང་མ་གཞི་ཁོང་ལོ་ན་ཕྲ་རུང་འབྲི་གཡག་གསོ་ཚགས་ཐད་ཧ་ཅང་མཁས་པོ་ཡོད། འཇོན་ཐང་དེར་བརྟེན་ནས་2021ལོར་ཁོང་གིས་ལོ་དྲུག་ནང་བསགས་པའི་སྒོར་ཁྲི་20སྤྱད་དེ་ལས་ཁུངས་ནས་དོན་ཏེ་འབྲི་གཡག་ཉོ་སྒྲུབ་དང་། ལས་སྣོན། ཕྱིར་ཚོང་བཅས་ཀྱི་ལས་གཏོད་ལམ་བུར་ཞུགས།

    མཚོ་སྔོན་ནི་རང་རྒྱལ་གྱི་འབྲོག་ཁུལ་གལ་ཆེན་ཞིག་ཡིན་པ་དང་ནོར་ལུག་གི་གྲངས་འབོར་གྱིས་རྒྱལ་ཡོངས་ཀྱི་34%དང་46%སོ་སོར་ཟིན་ཡོད། མང་རྫོང་གི་ཚགས་ཤ་དང་ལུག་ཤ་གཙང་མར་བཀྲུས་རྗེས་ཤ་སྨན་རྒྱག་མི་དགོས་པར་ཚྭ་ཏོག་ཙམ་བརྒྱབ་ན་བྲོ་བ་ཧ་ཅང་ཞིམ་པོ་ཡོད། “འོན་ཀྱང་དུས་ཡུན་རིང་པོའི་ནང‘སྤུས་དག་རུང་རིན་གོང་དམའ་བའི’གནད་དོན་མངོན་གསལ་དོད་པས་ལྗང་མདོག་དེང་རབས་ཞིང་འབྲོག་ལས་འཕེལ་རྒྱས་ཀྱི་དགོས་མཁོ་སྟོན་ཕྱོགས་སུ་བྱས་ནས་ཚན་རྩལ་ལ་བརྟེན་ནས་སྒུལ་ཤུགས་སྣོན་པ་དང་གསར་གཏོད་ལ་བརྟེན་ནས་གསོན་ཤུགས་འཕེལ་བར་བྱེད་དགོས”ཞེས་མང་རྫོང་གི་རྫོང་དཔོན་གཞོན་པ་ཀྲའོ་ཞུའེ་ཅུན་གྱིས་བཤད།

    2020ལོར་ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་དང་ཞིང་ལས་དང་གྲོང་གསེབ་པུའུ་སོགས་སྡེ་ཚན་བདུན་གྱིས《རྒྱལ་ཁབ་ཀྱི་གྲངས་འཛིན་གྲོང་གསེབ་ཀྱི་ཚོད་ལྟའི་ལས་དོན་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》མཉམ་དུ་བཀྲམ་ཡོད། མཚོ་སྔོན་གྱིས་བདམས་པའི་ཚོད་ལྟའི་ས་ཁུལ་ཁག་དང་པོའི་གྲས་ཤིག་ཡིན་པའི་མང་རྫོང་གིས་2020ལོར་ནོར་ལུག་གི་ཐོག་མའི་ཐོན་ཡུལ་གྱི་ཁུངས་འདེད་ཐུབ་པའི་ལས་སྟེགས་ཁྱབ་གདལ་གཏོང་འགོ་ཚུགས་ཡོད།

    རྫོང་ཕྱུགས་རིགས་སྨན་པའི་ལས་དོན་ས་ཚིགས་ཀྱིས་གསར་དུ་སྐྱེས་པའི་ནོར་ལུག་གི་རྣ་ལྕོག་ལ་མཚོན་རྟགས་བསྒར་ནས་གསོ་ཚགས་ཆ་འཕྲིན་བླུགས་པ་མ་ཟད། ནོར་ལུག་འཚར་བའི་བརྒྱུད་རིམ་ཁྲོད་ཆ་འཕྲིན་རྒྱུན་ཆད་མེད་པར་བརྗེ་ཡི་ཡོད། ས་གནས་དེ་གའི་ནོར་མགོ་གྲངས་ཁྲི་23ལྷག་ཙམ་དང་ལུག་མགོ་གྲངས་ཁྲི་100ཙམ་གྱི་ཆ་འཕྲིན་དུས་ཐོག་ཏུ་འཚོལ་ཐུབ་ཀྱི་ཡོད་པ་རེད། “དེ་ནི་ནོར་ལུག་གི‘ཐོབ་ཐང་ལག་ཁྱེར’ཡིན་ཞིང་། ནོར་ལུག་ཚང་མར་རང་ཉིད་ཀྱི་ཨང་རྟགས་རེ་ཡོད”ཅེས་དཀོན་མཆོག་སྐྱབས་ཀྱིས་ནོར་གྱི་རྣ་ལྕོག་ལ་བསྒར་བའི་ལི་སྨི་གསུམ་ཟིན་པའི་མཚོན་རྟགས་དེར་མཛུབ་མོ་འཛུགས་བཞིན་དེ་ལྟར་བཤད།

    དཀོན་མཆོག་སྐྱབས་ལ་ནོར་འཚོང་མཁན་ནི་འབྲོག་པ་ཆོས་སྐྱོང་རྒྱལ་རེད། ཉོ་ཚོང་གཏན་འཁེལ་མ་བྱས་གོང་ཁོང་གིས་ཨང་གྲངས་ཀྱི་ཆ་འཕྲིན་འཁྱེར་ནས་མགོ་མང་གཞོངས་གྲོང་རྡལ་ཕྱུགས་རིགས་སྨན་དོན་ས་ཚིགས་སུ་ཕྱིར་འཚོང་མ་བྱས་གོང་གི་ཐོ་འགོད་བྱས་པ་དང་། “ཨང་རྟགས་ད་དུང་ནོར་ལུག་གི་འགན་བཅོལ་དང་མགོ་སྦྲེལ་ཡིན་པས་གནད་སྨིན་གུད་གསབ་ལེན་རྒྱུ་ཡོད”ཉོ་ཚོང་ལེགས་གྲུབ་ཟིན་རྗེས་འབྲི་གཡག་མང་རྫོང་གི་གནས་གཏན་འཁེལ་གྱི་བཤས་རར་བསྐྱལ་བ་དང་ལས་དོན་པས་འགོག་སྲུང་གྱོན་ཆས་གྱོན་པ་དང་ལག་ཏུ་ཡོ་བྱད་ཆུང་ཆུང་ཁྱེར་ནས་རྣ་རྩེར་བཤར་ཙམ་བྱས་ཚེ་ཆ་འཕྲིན་ཞིབ་བསྡུར་ཐུབ་ནས་འཕྱུགས་པ་མེད་པ་ཡོང་གི་ཡོད།

    གྲོང་ཁྱེར་གྱི་སྒོ་རྩིས་ཚོང་ཁང་དུ་ཚགས་ཤ་འཚོང་སྐབས་ཐུམ་སྒྲིལ་ཐོག་གི་རྩ་གཉིས་ཨང་རྟགས་བཤར་འབེབས་བྱས་ཚེ་གསོ་ཚགས་དང་སྐྱེལ་འདྲེན་སོགས་ཀྱི་ཆ་འཕྲིན་གསལ་པོ་ཤེས་ཀྱི་ཡོད། “རྩ་གཉིས་ཨང་རྟགས་བཤར་འབེབས་བྱས་ཚེ། གཅིག་བྱས་ན་ངའི་མིང་ཡང་མཐོང་སྲིད། བརྒྱུད་རིམ་ཧྲིལ་པོར་ཁུངས་འདེད་བྱེད་ཐུབ་པས་འཛད་སྤྱོད་པ་བློ་བདེ་བ་མ་ཟད། ཤ་རྒྱ་མ་བཅུ་གྲངས་ཁ་ཤས་ཀྱང་མང་བ་འཚོང་ཐུབ་ཀྱི་ཡོད། དེར་ཐོན་རྫས་ཀྱི་ཟུར་བསྣན་རིན་ཐང་ཞེས་བརྗོད་ཀྱི་ཡོད”ཅེས་ཆོས་སྐྱོང་རྒྱལ་གྱིས་བཤད།

    གྲངས་འཛིན་དྲ་ཐོག་ཚོང་དོན་ལ་བརྟེན་ནས་འབྲོག་ཁུལ་དུ“ལམ་གཉིས”ཤར་གཏོང་ཐུབ་པ།

    བཤས་ར་ནས་ཀུང་སིར་འབྱོར་རྗེས་ཚགས་ཤ་སྣ་ཁ་9ལ་ལས་སྣོན་བྱེད་ཀྱི་ཡོད། “ལས་སྣོན་ཞིབ་ཚགས་བྱས་ནས་ཁྲོམ་རའི་དགོས་མཁོ་དང་གནད་སྨིན་འབྲེལ་མཐུད་བྱས་ཚེ་རིན་གོང་དེ་བས་མཐོ་བ་རག་ཐུབ”ཅེས་དཀོན་མཆོག་སྐྱབས་ཀྱིས་ཤོད་ཀྱིན་དུ་སྒོ་རྡུང་བའི་སྒྲ་བསྒྲགས་ནས“མྱུར་སྐྱེལ་བ་སླེབས་སོང”ཐུམ་བརྒྱབ་པའི་ཚགས་ཤ་སོས་པ་དག་མྱུར་སྐྱེལ་རླངས་འཁོར་ནང་བླུགས།

    “ཉིན་གཅིག་ནང་མང་ཤོས་བསྐུར་མ་500ལྷག་ཙམ་སྐུར་ཐུབ་ཅིང་། དེ་ཞིང་ཆེན་ཕྱི་ནང་ཚང་མར་ཚུད་ཡོད”དཀོན་མཆོག་སྐྱབས་ཀྱི་བཟའ་ཟླ་དབང་མོ་སྒྲོལ་མ་གྲོང་ཁྱེར་དུ་ལོ་7ལྷག་ཙམ་འཚོ་བ་སྐྱེལ་མྱོང་ཡོད། ད་ཆ་འབྲོག་ཁུལ་དུ་ཁོང་གིས་དྲ་ཐོག་ནས་ཅ་དངོས་ཉོ་བ་དང་མྱུར་སྐྱེལ་བསྐུར་ལེན་བྱེད་པར་སྟབས་བདེ་པོ་ཡོད་པ་རེད། “བསྐུར་མ་ཞིག་ཧྲང་ཧའེ་ནས་གྲོང་ཚོར་འབྱོར་བར་ཉིན་3ལས་འགོར་གྱི་མེད་ལ་སྦྲག་གླ་ཡང་ལེན་གྱི་མེད་པས་དངོས་འབྲེལ་གྲོང་ཁྱེར་དང་ཁྱད་པར་གང་ཡང་མི་འདུག”ཅེས་ཁོང་གིས་བཤད།

    “ཞིང་ལས་ཐོན་རྫས་ཁྲོམ་རར་འདོན་པ་དང་འཛད་རྫས་འཚོང་བའི་ཐབས་ལམ་ཤར་བགྲོད་ཡོང་བར་ལམ་བུ་གཉིས་ལ་བརྟེན་དགོས་པ་སྟེ། གཅིག་ནི་སྣུམ་ནག་ལམ་དང་གཅིག་ཤོས་ནི་ཆ་འཕྲིན་ལམ་ཡིན”ཞེས་མགོ་མང་གཞོངས་གྲོང་རྡལ་གྱི་ཀྲེན་ཀྲང་བཙུན་ཐར་རྒྱལ་གྱིས་བཤད། ད་ཆ་མཚོ་སྔོན་གྱི་ཤང་དང་གྲོང་རྡལ་ཚང་མར་ཨར་འདམ་ལམ་ཤར་གཏོང་ཐུབ་པ་དང་སྲིད་འཛིན་གྲོང་ཚོ་ཚང་མར་4Gདྲ་རྒྱ་དང་འོད་སྐུད་དྲ་ཆེན་གཉིས་ཁྱབ་ཡོད།

    “2017ལོ་ནས་བཟུང་མང་རྫོང་གིས་རྫོང་རིམ་པའི་ཟོག་འགྲེམས་སྡེབ་སྐྱེལ་ལྟེ་གནས་དང་། ཤང་དང་གྲོང་རྡལ་གྱི་མྱུར་སྐྱེལ་ཞབས་ཞུའི་ས་ཚིགས་6 གྲོང་ཚོ་རིམ་པའི་ཞབས་ཞུའི་ས་ཚིགས་77བཅས་རིམ་གྱིས་བསྐྲུན་པས་མྱུར་སྐྱེལ་དྲ་ཚིགས་དེ་སྲིད་འཛིན་གྲོང་ཚོ་ཚང་མར་ཁྱབ་ཡོད”མང་རྫོང་འཕེལ་སྒྱུར་ཅུས་ཀྱི་ཅུས་ཀྲང་བསོད་བྷེ་ཡིས། 2012ལོར་དྲ་ཐོག་ཚོང་དོན་དེ་ས་གནས་དེ་གར་སྤྱིར་ན་མཐོང་དཀོན་པ་དང་། 2022ལོར་མང་རྫོང་གི་ཞིང་ལས་ཐོན་རྫས་དྲ་རྒྱའི་སིལ་འཚོང་བསྡོམས་འབོར་སྒོར་ཁྲི་400ལྷག་ཙམ་ཟིན་ཡོད་ཅེས་བཤད།

    མཁྲེགས་ཆས་རིམ་སྤོར་བྱུང་བས་ལས་གཉེར་བའི་བསམ་བློ་ཡང་དེ་བསྟུན་གྱིས་དེའི་རྗེས་ཟིན་ཐུབ་པར་བྱེད་དགོས། ཉེ་ཆར་དཀོན་མཆོག་སྐྱབས་ཀུང་སིའི་ཉོ་ཚོང་ལས་སྟེགས་འཛུགས་པར་བྲེལ་བཞིན་ཡོད་པ་དང་། ཕྱོགས་གཅིག་ནས་ཉོ་སྒྲུབ་ལ་སྦྲེལ་མཐུད་བྱེད་པ་དང་ཕྱོགས་གཞན་ཞིག་ནས་ཕྱིར་ཚོང་འབྲེལ་གཏུག་བྱེད་ཀྱི་ཡོད། འབྲོག་པས་ཕྱུགས་རིགས་ཀྱི་ཆ་འཕྲིན་ཐོ་འགོད་བྱེད་མགྱོགས་པ་མ་ཟད། ད་དུང་དྲ་ཐོག་ཚོང་དོན་ལས་སྟེགས་བརྒྱུད་ཁྲོམ་རའི་དགོས་མཁོ་དང་ཡང་འབྲེལ་མཐུད་ཐུབ་ཀྱི་ཡོད་པ་རེད།

    ཁོང་གིས་ད་དུང་གྲོགས་པོར་ཀུང་སིའི་སྤུས་རྟགས་ཀྱི་མཚོན་རྟགས་ཇུས་འགོད་བྱེད་དུ་བཅུག་པ་དང་། རང་ཉིད་ཀྱིས་བརྙན་ཐུང་དྲས་སྒྲིག་བྱེད་སྟངས་སྦྱངས་ནས་བརྙན་ཐུང་ལས་སྟེགས་བརྒྱུད་རྩྭ་ཐང་གི་མཛེས་ལྗོངས་དང་ཐོན་རྫས་ཀྱི་ཆ་འཕྲིན་མཉམ་སྤྱོད་བྱེད་ཀྱི་ཡོད། ལྟ་མཁན་མང་ཤོས་ཀྱི་བརྙན་ཐུང་ཞིག་གི་བརྙན་གཏོང་བྱེད་ཚད་ཁྲི་2ལྷག་ཙམ་ཟིན་ནས་ས་ཆ་གཞན་གྱི་སྐུ་མགྲོན་མི་ཉུང་བ་ཞིག་གི་ལན་འཇོག་དང་ཉོ་སྒྲུབ་བྱེད་པའི་ཡིད་དབང་བཀུག་ཡོད། འདི་ལོའི་ལོ་སྟོད་དུ་ཀུང་སིས་ཚགས་ཤ་སོས་པ་དང་ཚགས་ཤ་སྐམ་པོ་སོགས་སྒོར་ཁྲི་30ལྷག་ཙམ་ཟིན་པ་བཙོངས་པའི་ནང་དྲ་ཐོག་ཕྱིར་ཚོང་བྱེད་ཚད་སྒོར་ཁྲི་16.7ཟིན་ནས་བསྡུར་ཚད་55%ལྷག་ཙམ་ཟིན་ཡོད་པ་རེད།

    གྲངས་འཛིན་སྲིད་དོན་ལ་བརྟེན་ནས་ གྲོང་མིར“དོན་དག་སྒྲུབ་དཀའ་བའི”གནད་དོན་ཐག་གཅོད་བྱས་པ།

    དཀོན་མཆོག་སྐྱབས་ཀྱི་ཀུང་སི་དེ་ཟི་ལིང་ནས་གཅིག་སྒྲིལ་རྫོང་བར་གྱི་གཞུང་ལམ་རྒྱུད་དུ་གནས་པ་དང་དེ་ནི་མང་རྫོང་གྲོང་དུ་སྐྱོད་སྐབས་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་རེད། ཁ་ལོ་བ་འགའ་ཞིག་གིས་དེ་གར་གཏེར་ཆུའི་འགྱིག་དམ་དང་ཤོག་སྙིགས་གང་བྱུང་དུ་དབྱུགས་ཀྱི་ཡོད་པས་དུས་ཚོད་རིང་པོ་སོང་རྗེས་དེ་གར་གད་སྙིགས་ཀྱིས་ཁེངས་ཡོད།

    དཀོན་མཆོག་སྐྱབས་ཀྱིས“ལྟ་ན་སྡུག་པའི་སུམ་མདོ”ཡི་བྱ་རིམ་ཆུང་ངུ་ཁ་ཕྱེ་ནས“མི་སེར་གྱི་རེ་ཞུ”ཞེས་འཁོད་པ་མནན་ནས་པར་རིས་དང་གསལ་བཤད་ཡི་གེ་བསྐུར་བས། དུས་ཡུན་རིང་པོ་མ་སོང་བར་མང་རྫོང་གི་གྲོང་གསེབ་གྲངས་འཛིན་ཆ་འཕྲིན་ཅན་ལས་སྟེགས་ཀྱི་ལས་དོན་པས་ཁོར་ཡུག་གཙང་སྦྲ་བ་བཀོད་སྒྲིག་བྱས་ནས་གཙང་སྦྲ་བྱེད་དུ་འཇུག་གི་ཡིན་ཞེས་བཤད། ཁོར་ཡུག་གཙང་སྦྲ་བས་གཙང་སྦྲ་བྱས་རྗེས་ས་གནས་ས་ཐོག་ཏུ་པར་བརྒྱབ་ནས་དྲ་ཐོག་ཏུ་བསྐུར་བས་ཆེད་བསྐོས་མི་སྣས་ཞིབ་བསྡུར་བྱས་རྗེས་ལས་དོན་ལ་ཕན་འབྲས་ཐོན་པར་འགན་ལེན་བྱས་པ་རེད།

    རྒྱལ་ཁབ་ཀྱི་གྲངས་འཛིན་གྲོང་གསེབ་ཀྱི་ཚོད་ལྟའི་ལས་དོན་སྤེལ་སྐབས་མང་རྫོང་གིས་དང་ཐོག་བསམ་གཞིག་བྱེད་པ་ནི། ས་གནས་དེ་གའི་དགོས་མཁོར་གཞིགས་ཏེ་ཆ་འཕྲིན་ལག་རྩལ་ལ་བརྟེན་ནས་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་སྐུལ་འདེད་ཇི་ལྟར་གཏོང་དགོས་པ་དེ་ཡིན། ཞིང་འབྲོག་ཁུལ་དུ་ས་རྒྱ་ཆེ་ལ་མི་འབོར་ཉུང་བ་དང་སྡོད་གནས་ཁ་ཐོར་ཡིན་པས་མང་ཚོགས་དོན་དག་སྒྲུབ་དཀའ་བ་སོགས་ཀྱི་གནས་ཚུལ་ལ་དམིགས་ཏེ། མང་རྫོང་དང་ཀྲུང་གོ་ལན་ཐུང་མཚོ་སྔོན་ཞིང་ཆེན་ཡན་ལག་ཀུང་སི་མཉམ་ལས་བྱས་ཏེ་གྲོང་གསེབ་ཀྱི་གྲངས་འཛིན་ཆ་འཕྲིན་ཅན་གྱི་ལས་སྟེགས་བསྐྲུན་པ་རེད།

    ལས་སྟེགས་དེར་གྲོང་ཚོ་རིམ་པའི་ཏང་དོན་དང་། སྲིད་དོན། ནོར་དོན་བཅས་ཡོངས་བསྒྲགས་མ་ལག་དང་གྲོན་དངུལ་འཇལ་བའི་མ་ལག་སོགས་གཅིག་སྡུད་བྱས་ཡོད་པ་དང་། གྲོང་མིས་ཁ་པར་ནས་གློག་རིན་དང་དྲ་ཆེན་གྱི་གྲོན་དངུལ་འཇལ་ཐུབ་པ་མ་ཟད། ཚབ་སྒྲུབ་དོན་ཚན་ཡང་སྔོན་མངགས་ཐུབ་པ། ད་དུང་གྲོང་ཚོའི་གནས་ཚུལ་གསར་ཤོས་དང་དེ་བཞིན་ཞིང་ཕན་ཁ་གསབ་དང་། རྒན་གསོའི་དངུལ་སྤྲད་པ། ངལ་རྩོལ་ལས་ཞུགས་སོགས་ཀྱི་ཆ་འཕྲིན་ཤེས་རྟོགས་ཐུབ་ཀྱི་ཡོད་པ་རེད། དྲ་ཐོག་ནས་དོན་དག་ཚང་མ་གཉེར་ཐུབ་པས་གྲོང་མི་ཕར་རྒྱུག་ཚུར་རྒྱུག་བྱེད་དགོས་མེད་པར་གྲོང་གསེབ་ཀྱི་གྲངས་འཛིན་ལས་སྟེགས་མང་ཚོགས་ཀྱི་འཚོ་བའི་ནང་ཁྱབ་ཡོད་པ་རེད།

    “གྲོང་གསེབ་ཀྱི་ཆ་འཕྲིན་རྨང་གཞིའི་སྒྲིག་བཀོད་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་གྲངས་འཛིན་གྲོང་གསེབ་འདུ་འགོད་ལ་སྐུལ་འདེད་ཏན་ཏིག་བཏང་བ་དེས་གྲོང་གསེབ་བཅོས་སྐྱོང་གི་ནུས་པ་དང་བཅོས་སྐྱོང་གི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་འགྲོ་བ་དང་། སྤྱི་ཚོགས་འཁོར་སྐྱོད་ཀྱི་ལས་ཕྱོད་ཆེ་རུ་འགྲོ་བར་སྐུལ་འདེད་བཏང་སྟེ་གྲོང་གསེབ་དར་རྒྱས་ལ་རྨང་གཞི་བརྟན་པོ་འདིང་རྒྱུ་རེད། 2022ལོའི་ལོ་མཇུག་བར་ཀུང་སིས་ཤང་དང་གྲོང་རྡལ་253གྱི་སྲིད་འཛིན་གྲོང་ཚོ་3853ལ་གྲངས་འཛིན་གྲོང་གསེབ་ཀྱི་ལས་སྟེགས་སྐྲུན་རོགས་བྱས་པས་ཁྱབ་ཚད་92.3%ཟིན་ཡོད”ཅེས་ཀྲུང་གོ་ལན་ཐུང་མཚོ་སྔོན་ཞིང་ཆེན་ཡན་ལག་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་སྤྱི་ཁྱབ་ཅིང་ལི་ཐུང་ཆིང་ཅུན་གྱིས་ངོ་སྤྲོད་བྱས།

    དཀོན་མཆོག་སྐྱབས་ཀྱི་ཕ་རྡོ་ཁོ་ཁྲག་ཤེད་མཐོ་བས་2021ལོའི་ལོ་མཇུག་ཏུ་མང་རྫོང་མི་དམངས་སྨན་ཁང་གཉིས་པར་རྒྱང་བསྟེན་སྨན་དཔྱད་བྱས་པ་རེད། དེ་གོང་སྨན་པ་བསྟེན་སྐབས་གལ་ཏེ་ཟི་ལིང་དུ་འགྲོ་དགོས་ཚེ་ལམ་ལ་ཉིན་གཅིག་འགོར་གྱི་ཡོད། རྒྱུས་མངའ་མེད་པའི་ས་ཆར་ཞག་སྡོད་དང་རླངས་འཁོར་གྱི་བདལ་གླ་སོགས་ཀྱི་འགྲོ་སོང་ཡང་མི་ཉུང་བ་ཞིག་གཏོང་དགོས་ཀྱི་ཡོད། “ད་ཆ་གྲོང་རྡལ་ནས་ཐོན་མི་དགོས་པར་ཞིང་ཆེན་གྱི་སྨན་ཁང་ཆེ་མོའི་སྨན་པ་བསྟེན་ཐུབ་ཀྱི་འདུག”ཅེས་བཤད།

    རྡོ་ཁོ་ཡིས་དུས་བཀག་བཞིན་ནད་གཞིར་བརྟག་དཔྱད་བྱེད་པར་སྐྱོད་སྐབས་ཀྱང་ནད་ཐོ་འཁྱེར་དགོས་ཀྱི་མེད། རྫོང་དུ་མི་འབོར་གྱི་གྲངས་གཞི་དང་། གྲོང་མིའི་གློག་རྡུལ་བདེ་ཐང་ཡིག་ཚགས། གློག་རྡུལ་ནད་ཐོ་སོགས་དྲ་སྦྲེལ་མཉམ་སྤྱོད་ཐུབ་ནས་རིམ་ཁག་སྨན་ཁང་དབར་ཕན་ཚུན་ཁས་ལེན་དང་མཉམ་འབྲེལ་ཐུབ་ཡོད། “ཚང་མ་དྲ་ཐོག་ལས་སྟེགས་ཐོག་ཉར་ཚགས་བྱས་ཡོད་པས་སྨན་པས་སྐབས་འཕྲལ་སྤྱད་ན་ཆོག་གི་ཡོད”ཅེས་དཀོན་མཆོག་སྐྱབས་ཀྱིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།