དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • འཛམ་གླིང་ཡང་རྩེར་མིའི་རིགས་འཕེལ་རྒྱས་ཀྱི་ངོ་མཚར་རྒྱུན་ཆད་མེད་པར་བཏོད་པ།

    པའོ་ལུའུ་ཧྥང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-17

    བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་ལམ་བུ་འཚོལ་བར་ཀྲུང་གོ་གུང་ཁྲན་ཏང་མིས་འབད་བརྩོན་ལྷོད་མེད་བྱས་ཤིང་། ཏང་གི་སྐབས་རིམ་བྱུང་གི་འགོ་ཁྲིད་མཉམ་སྡེབ་ཀྱིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར་གནང་སྟེ། བོད་འཕེལ་རྒྱས་འཆར་གཞི་རྒྱུན་ཆད་མེད་པར་བཀོད་ནས་ཕུན་སུམ་ཚོགས་པའི་བོད་སྐྱོང་བསམ་བློ་གསོག་འཇོག་གནང་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་སྐྱོང་བོད་དར་གྱི་ཉམས་མྱོང་ཕྱོགས་སྡོམ་གནང་བའི་རྨང་གཞིའི་ཐོག བོད་ཀྱིས་རྒྱལ་ཡོངས་མི་དམངས་དང་མཉམ་དུ“སྟོབས་ཆེར་གཏོང་བའི”དུས་རབས་གསར་པའི་རྒྱང་ལམ་གསར་པར་སྐྱོད་པར་གཞོལ་ཏེ། བོད་ཀྱི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཞིང་། ཀྲུང་གོ་གུང་ཁྲན་ཏང་མིས་འཛམ་གླིང་ཡང་རྩེར་མིའི་རིགས་འཕེལ་རྒྱས་ཀྱི་ངོ་མཚར་རྒྱུན་ཆད་མེད་པར་བཏོད་ཡོད།

    དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་འགྲིལ་མཐའ་འཁྱོངས་བྱེད་པ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ཤིང་། བོད་ཀྱིས་ལོ་ལྟར་ནོར་སྲིད་ཡོང་འབབ་ཀྱི་80%ཡན་དམངས་འཚོའི་ཁྱབ་ཁོངས་སུ་བཏང་སྟེ་སློབ་གསོ་དང་། སྨན་བཅོས། རྒན་གསོ་སོགས་ཁྱབ་ཁོངས་ལ་ཁྱབ་པའི་ཁྱོན་ཡོངས་ཀྱི་འགན་ལེན་མ་ལག་བསྐྲུན་ཡོད་ལ། མི་དམངས་ཀྱི་འཕེལ་རྒྱས་དབང་ཆ་བེད་སྤྱོད་གང་ལེགས་ཀྱང་བྱུང་ཡོད། 2022ལོར་བོད་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་2132.64ཟིན་པ་དང་། འགྱུར་མེད་རིན་གོང་ལྟར་རྩིས་བརྒྱབ་ན་2012ལོ་ལས་ལྡབ་1.28འཕར་བ། ལོ་རེར་ཆ་སྙོམས་8.6%འཕར་བ་བཅས་དཔལ་འབྱོར་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། 2015ལོ་ནས་བཟུང་། གྲོང་མི་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་ལོ་8བསྟུད་མར་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཏེ། 2012ལོའི་སྒོར་8568ནས་2022ལོའི་སྒོར་26675བར་འཕར་ཡོད།ལོ་10ཡི་རིང་སྣེ་ལེན་ཞུས་པའི་ཡུལ་སྐོར་བ་མི་ཐེངས་ཁྲི་1058.39ནས་མི་ཐེངས་ཁྲི་3002.76བར་མང་དུ་ཕྱིན་པ་དང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་126.48ནས་སྒོར་དུང་ཕྱུར་407.07བར་མང་དུ་ཕྱིན་ནས་ལྡབ་2.2འཕར་ཡོད། 2022ལོར་བོད་ཀྱི་འབྲུ་རིགས་དང་། སྔོ་ཚལ། ཕག་ཤ་ལུག་ཤ་ཚག་ཤ་གསུམ་གྱི་ཐོན་ཚད་ཏུན་ཁྲི་107.34དང་། ཏུན་ཁྲི་81.58 ཏུན་ཁྲི་28.29བཅས་སོ་སོ་ཟིན་ནས་སྤྱིར་ན་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།

    འཕྲོད་བསྟེན་དང་སློབ་གསོའི་བྱ་གཞག་འཕེལ་རྒྱས་མྱུར་པོ་བྱུང་བ་དང་མི་འབོར་གྱི་སྤུས་འབོར་གཉིས་ཀ་ཕྱོགས་ཡོངས་ནས་མཐོ་རུ་སོང་ཞིང་། བོད་ཀྱི་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ཞི་བའི་བཅིངས་འགྲོལ་མ་བཏང་གོང་གི་ལོ་35.5ནས་ལོ་72.19བར་རིང་དུ་ཕྱིན་པ་དང་། གཞི་རྩའི་སྨན་བཅོས་ཞབས་ཞུ་དང་མ་བུ་བདེ་སྲུང་དང་། ནད་ཡམས་སྔོན་འགོག་དང་ཚོད་འཛིན། བོད་ལུགས་གསོ་རིག་སོགས་ལ་ཁྱབ་པའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་ཅིག་གྲུབ་ཡོད། སློབ་གསོའི་བྱ་གཞག་སྔོན་ལ་འཕེལ་རྒྱས་བཏང་ཞིང་། རྒྱལ་ཡོངས་ཀྱི་སྔོན་དུ་བུ་བཅོལ་ཁང་ནས་མཐོ་རིམ་སློབ་འབྲིང་བར་གྱི་ལོ་15ཡི་གཞུང་གྲོན་སློབ་གསོའི་སྲིད་ཇུས་ལག་ལེན་བསྟར་བ་བརྒྱུད། སློབ་ཞུགས་གོང་གི་སློབ་གསོ་དང་། རྨང་གཞིའི་སློབ་གསོ། ལས་རིགས་སློབ་གསོ་བཅས་ནས་མཐོ་རིམ་སློབ་གསོ་དང་། རྒྱུན་མཐུད་སློབ་གསོ། དམིགས་བསལ་སློབ་གསོ་བཅས་བར་གྱི་ཅུང་འཐུས་སྒོ་ཚང་བའི་དེང་རབས་སློབ་གསོའི་མ་ལག་ཅིག་གྲུབ་ཡོད། ད་ཆ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་3409ཡོད་པ་དང་། སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་ཁྲི་94.4ལྷག་ཙམ་ཟིན་པ། སློབ་ཞུགས་གོང་གི་སློབ་གསོར་ན་འདྲེས་སློབ་ཞུགས་བྱེད་ཚད་89.52%ཟིན་པ། འོས་འགན་སློབ་གསོ་སྲ་བརྟན་གཏོང་ཚད་97.73%ཟིན་པ། མཐོ་རིམ་སློབ་འབྲིང་དུས་མཚམས་སུ་ན་འདྲེས་སློབ་ཞུགས་བྱེད་ཚད་91.07%ཟིན་ཡོད། བོད་ཀྱི་མི་ཁྲི་10ཡི་ཁྲོད་དུ་སློབ་གྲྭ་ཆེ་མོ་བའི་ཡོན་ཚད་ལྡན་པའི་མི་གྲངས་2010ལོའི་མི་5507ནས་2020ལོའི་མི་གྲངས་11019བར་འཕར་བ་དང་། གསར་དུ་འཕར་བའི་ངལ་རྩོལ་ནུས་ཤུགས་ལྡན་པའི་མི་རེར་ཆ་སྙོམས་སློབ་གསོ་ཐེབས་པའི་ལོ་གྲངས་ལོ་13.1བར་མཐོ་རུ་ཕྱིན་ཡོད།

    འགྲིམ་འགྲུལ་འཕྲིན་གཏོང་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ནས་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་འགྲོ་བའི་དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་དྲ་བ་ཞིག་གྲུབ་པ། 2012ལོ་ཚུན་གྱི་ལོ་10ཡི་རིང་། བོད་ཀྱི་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ་ཁྲི་6.52ནས་སྤྱི་ལེ་ཁྲི་12.14བར་འཕར་བ་དང་། རིམ་མཐོའི(མྱུར་བགྲོད)གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ་38ནས་སྤྱི་ལེ་1105བར་འཕར་བ། ལྕགས་ལམ་གཉེར་སྐྱོང་གི་ལམ་ཚད་སྤྱི་ལེ་701ནས་སྤྱི་ལེ་1359བར་འཕར་ཡོད། བོད་ཀྱི་མཁའ་འགྲུལ་བདེ་བླག་ངང་ཤར་གཏོང་ཐུབ་ནས་རྒྱལ་སྤྱི་རྒྱལ་ནང་གི་མཁའ་ལམ་154ཟིན་པ་དང་མཁའ་ལམ་ཤར་གཏོང་ཐུབ་པའི་གྲོང་ཁྱེར་70ཟིན་ཡོད། གྲངས་འཛིན་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་འཕེལ་རྒྱས་མྱུར་པོ་བྱུང་བ་དང་དེང་རབས་འཕྲིན་གཏོང་ལ“སྤྲིན་དྲ་མཉམ་འདྲེས”བྱུང་ཡོད། མཚོ་བོད་ལྕགས་ལམ་འཁོར་སྐྱོད་གང་ལེགས་བྱུང་བ་དང་ཁྲོན་བོད་ལྕགས་ལམ་འཕེལ་རྒྱས་མྱུར་པོ་བྱུང་སྟེ། དུས་དེ་ནས་བཟུང་ལམ་བུ་ཇེ་བདེ་དང་ལམ་ཐག་ཇེ་ཐུང་དུ་ཕྱིན་ནས་མི་རིགས་ཁག་གི་བུ་ཕྲུག་ཚོ་མཉམ་འཛོམས་བྱུང་ཡོད།

    རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་པོར་བཙུགས་ནས་རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་དཔེ་སྟོན་ཁུལ་བཏོད་པ། བོད་ཀྱི་གཙོ་གནད་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁོར་ཡུག་དང་མཁའ་རླུང་གི་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་གྲངས་99%ཡན་ཟིན་པ་དང་། གཙང་པོ་དང་། ཆུ་བོ། མཚེའུ་བཅས་གཙོ་བོའི་ཆུ་སྤུས་IIIརིམ་པའམ་དེ་ཡན་གྱི་ཚད་གཞིར་སླེབས་ནས། བོད་འདི་ཉིད་སྔར་བཞིན་འཛམ་གླིང་གི་སྐྱེ་ཁམས་ཁོར་ཡུག་ཡག་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་རེད། ལྷ་ས་གྲོང་ཁྱེར་འདི་ཉིད་ཀྲུང་གོའི་སྐྱིད་སྣང་དོད་ཤོས་ཀྱི་གྲོང་ཁྱེར་གྱི་མིང་བྱང་དུ་ཐེངས་7འཁོད་པ་དང་། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྣང་དང་བློ་ཡིད་ཚིམ་ཚད་ཀྱི་སྟོན་གྲངས་ལོ་མང་བསྟུད་མར་99%ཡན་རྒྱུན་འཁྱོངས་ཐུབ་ཡོད། སྐྱེ་ཁམས་དབུལ་སྐྱོར་དེ་སྐྱེ་ཁམས་དམངས་ཕྱུག་གི་ཕྱོགས་སུ་བསྒྱུར་ཏེ། 2016ལོ་ནས་2022ལོའི་བར་ལོ་རེར་ཆ་སྙོམས་བྱས་ན་མང་ཚོགས་ལ་སྐྱེ་ཁམས་སྲུང་སྐྱོང་གི་ལས་གནས་ཁྲི་53.77མཁོ་འདོན་བྱས་པ་དང་རིམ་རྩིས་བྱས་ན་སྐྱེ་ཁམས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་126.37སྤྲད་ཡོད། སྐྱེ་ཁམས་ཐོན་ལས་དང་ཐཱན་བསྡུས་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་། མང་ཚོགས་ཀྱི་ལྗང་མདོག་ལས་ཞུགས་ལས་གཏོད་ལ་སྐུལ་ཁྲིད་བྱས་པ། སྒྲིག་བཀོད་འཐུས་ཚང་དང་། ཐོན་ལས་དར་རྒྱས། སྐྱེ་ཁམས་བཟང་བ། གནས་འཕྲོད་ལས་འཚམ་བཅས་ཀྱི་འབྱོར་ཕྱུག་ཤེས་དཔལ་གྱི་མཐའ་མཚམས་གྲོང་ཚོ་གཞི་རྩའི་ཆ་ནས་བསྐྲུན་ཡོད།

    ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་རྐང་དུ་བྱས་ནས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བ། མི་རིགས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། མི་རིགས་ཁག་གི་མི་དམངས་ལ་སྐྱིད་སྡུག་མཉམ་མྱོང་དང་། ཁྲེལ་གྲགས་མཉམ་འཁུར། མཉམ་ཤི་མཉམ་གསོན། ལས་དབང་གཅིག་མཐུན་བཅས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པར་ཁྲིད་སྟོན་བྱས་པས། འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་ཉིན་རེ་བཞིན་ཟབ་ཏུ་ཕྱིན་ཡོད། 2020ལོའི་ཟླ་5ཚེས་1ཉིན། 《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ཀྱི་སྲོལ་ཡིག》དངོས་སུ་ལག་ལེན་བསྟར་རྗེས། བོད་འདི་ཉིད་རྒྱལ་ཡོངས་ཀྱི་ས་གནས་ཀྱི་ཁྲིམས་འཛུགས་རྣམ་པའི་ཐོག་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་བརྗོད་དོན་གཙོ་བོར་བྱས་པའི་དཔེ་བཟང་ཁུལ་འཛུགས་གཏོད་ཀྱི་གྲོས་འགོ་འདོན་མཁན་གྱི་ཞིང་ཆེན་དང་པོར་གྱུར་ཡོད། མི་དམངས་རང་ཁྱིམ་རང་བདག་གང་ལེགས་བྱུང་སྟེ། ལྗོངས་ཡོངས་ཀྱི་རིམ་བཞིའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་42153གྱི་ཁྲོད་དུ་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གི་འཐུས་མིས་89.2%བཟུང་ཡོད། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་གསོ་སྐྱོང་དང་བེད་སྤྱོད་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱུན་ཆད་མེད་པར་བརྒྱབ་སྟེ། བོད་རིགས་ཀྱིས་གཙོ་བོར་བྱས་པའི་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་དང་རིགས་ཁག་གི་ཤེས་ལྡན་པ་དག་བོད་ཀྱི་ལས་བྱེད་པའི་དཔུང་ཁག་ཁྲོད་ཀྱི་རྐང་འཛིན་པ་དང་ལས་རིགས་ཁོངས་གཏོགས་ཁག་ཁྲོད་ཀྱི་རྐང་འཛིན་སྟོབས་ཤུགས་སུ་གྱུར་ཡོད།

    ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་བྱུང་བ་དང་ཆོས་དད་རང་མོས་འགན་ལེན་གང་ལེགས་བྱུང་བ། བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་ལ་བཅའ་ཁྲིམས་ཀྱི་སྲུང་སྐྱོང་ཐོབ་པ་དང་། ཁྱབ་ཁོངས་ཁག་ཏུ་བོད་སྐད་ཡིག་རྒྱ་ཁྱབ་ངང་སྤྱོད་བཞིན་ཡོད་ལ། བོད་ཡིག་གི་བསྟན་བཅོས་དག་སྲུང་སྐྱོང་དང་བེད་སྤྱོད་ནུས་ལྡན་ཐུབ་ཡོད། མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་སྣ་ཚོགས་རྒྱུན་འཛིན་ནུས་ལྡན་དང་སྲུང་སྐྱོང་འཕེལ་རྒྱས་བྱུང་སྟེ། ལྗོངས་ཡོངས་ཀྱི་རིམ་བཞིའི་མིང་གཞུང་མ་ལག་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་ཞིང་། དེའི་ནང་ལྷ་མོ་དང་། གླིང་སྒྲུང་། བོད་ལུགས་གསོ་རིག་གི་ལུམས་བཅོས་བཅས་མཉམ་འབྲེལ་རྒྱལ་ཚོགས་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས་ཀྱི་མིང་གཞུང་ནང་བཅུག་ཡོད། ཏང་གི་ཆོས་ལུགས་ལས་དོན་སྐོར་གྱི་གཞི་རྩའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་ཏེ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱས་ནས། ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་སྟངས་ཁྲིམས་སྐྱོང་ཅན་དང་། ཚད་ལྡན་ཅན། ལམ་ལུགས་ཅན་བཅས་སུ་སྒྱུར་བར་སྐུལ་འདེད་མགྱོགས་པོ་བཏང་ཡོད། ཆོས་ལུགས་ཚོགས་པ་དང་གྲུབ་མཐའ་ཁག་ཞི་མཐུན་ལམ་ལྷོངས་བྱུང་སྟེ། བོད་ཀྱི་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་1700ལྷག་ཙམ་དང་། དབྱི་སི་ལམ་ཕྱག་ཁང་4 གནམ་བདག་ཆོས་ཁང་1 དེ་བཞིན་ཆོས་ལུགས་ཀྱི་དམངས་སྲོལ་བྱེད་སྒོ་1700ལྷག་ཙམ་ཡོད་པ་ལས་དད་ལྡན་མང་ཚོགས་ཀྱི་རྒྱུན་གཏན་གྱི་ཆོས་ལུགས་དགོས་མཁོ་གང་ལེགས་སྐོང་ཐུབ་ཀྱི་ཡོད།

    ད་ཆའི་བོད་དུ་ཆབ་སྲིད་བརྟན་ལྷིང་དང་། སྤྱི་ཚོགས་བརྟན་ལྷིང་། དཔལ་འབྱོར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། མཐའ་སྲུང་སྲ་བརྟན། མི་དམངས་བདེ་སྡོད་ལས་བརྩོན་བཅས་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བརྗིད་ཆེའི་འཆར་གཞི་བཀོད་ཅིང་། དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་བོད་ཀྱིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞིར་དམ་འཛིན་ཡག་པོ་བྱེད་པ། བོད་ཀྱི་དོན་དངོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་མུ་མཐུད་འཚོལ་ཞིབ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་གངས་ལྗོངས་ས་མཐོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་བརྩམ་རྒྱུ་རེད།

    (རྩོམ་པ་པོ་ནི་པེ་ཅིང་གྲོང་ཁྱེར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་དང་པེ་ཅིང་གྲོང་ཁྱེར་སྤྱི་ཚོགས་ཚན་རིག་ཁང་སྤྱི་ཚོགས་རིག་པ་སུའོ་ཡི་སུའོ་ཀྲང་ཡིན)

    (《དཔལ་འབྱོར་ཉིན་རེའི་ཚགས་པར》གྱི་2023ལོའི་ཟླ་11ཚེས་13ཉིན་གྱི་པར་ངོས་03པ་ནས་བརྒྱུད་འགོད་བྱས)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།