རང་སྐྱོང་ལྗོངས་ཀྱིས“འགུགས་པ་གཉིས་དང་ནང་འདྲེན་གཉིས”ཀྱི་གཅིག་སྡུད་གན་རྒྱ་བདེ་བླག་ངང་བཞག་པ།
ཁྲེན་ཡུང་ཆིས་ཤིས་ཚིག་གསུངས་པ།
ཟླ་11ཚེས་14ཉིན། རང་སྐྱོང་ལྗོངས་ཀྱི“འགུགས་པ་གཉིས་དང་ནང་འདྲེན་གཉིས”ཀྱི་གཅིག་སྡུད་གན་རྒྱ་ལྷ་སར་བཞག་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆི་ཚོགས་འདུར་ཞུགས་ནས་ཤིས་ཚིག་གསུངས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ས་གནས(གྲོང་ཁྱེར)ཁག་དང་དེ་བཞིན་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་དང་། བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པ། ནང་འདྲེན་ཁེ་ལས་དང་ཤེས་ལྡན་པ་ཁྱོན་120ལྷག་ཙམ་ཞུགས་ཡོད་པ་རེད།
ཁྲེན་ཡུང་ཆིས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་དང་ཀྲུའུ་ཞི་ཡན་ཅིན་ཧའེ་ཡི་ཚབ་ཞུས་ཏེ་ཚོགས་ཞུགས་སྐུ་མགྲོན་ཚོར་དགའ་བསུ་ཞུས་པ་དང་། གན་རྒྱ་འཇོག་མཁན་ཕྱོགས་ཁག་ལ་བཀྲ་ཤིས་བདེ་ལེགས་ཞུས་པ། བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པས་དཀའ་སྤྱད་འབད་བརྩོན་བྱས་པར་ཐུགས་རྗེ་ཆེ་ཞུས་པ་རེད།
ཁྲེན་ཡུང་ཆིས་ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཀྱིས“ཆེས་བཞིའི”ཚོང་གཉེར་ཁོར་ཡུག་ནུས་ཤུགས་ཡོད་རྒུས་བཏོད་དེ་ཤེས་ལྡན་པའི་ཁུལ་སྟོབས་ཆེན་གྱི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་ནས་སྲིད་ཇུས་དང་བྱ་ཐབས་སྦབ་ཆ་གཅིག་གནད་སྨིན་བཏོན་པ་དང་། ཚོང་པར་བརྩི་འཇོག་དང་། ཚོང་པར་བརྩེ་བ། ཚོང་པ་ལྷན་འཛོམས། ཚོང་ལས་འཁྲུག་ཏུ་གཏོང་བ་བཅས་དང་ཤེས་ལྡན་པ་ནང་འདྲེན་དང་། ཤེས་ལྡན་པ་ལྷན་འཛོམས། ཤེས་ལྡན་པར་བརྩི་བཀུར། ཤེས་ལྡན་པར་དགའ་ཞེན་བཅས་ཀྱི་ཁོར་ཡུག་བཟང་པོ་ཞིག་སྔར་བས་བཏོད་དེ་མ་རྩ་འཇོག་མཁན་དང་ཕུལ་བྱུང་ཤེས་ལྡན་པར་འཕེལ་རྒྱས་ཀྱི་གོ་སྐབས་ཆེན་པོ་དང་འཕེལ་རྒྱས་ཀྱི་བར་མཐོངས་ཆེན་པོ་ཞིག་བཏོད་ཡོད། རྒྱ་ཆེའི་ཁེ་ལས་མཁས་ཅན་དང་རིགས་གཅིག་མཁས་ཅན་གྱིས་གོ་སྐབས་དམ་འཛིན་བྱས་ཏེ་བོད་ལ་མ་རྩ་འཇོག་པ་དང་། བོད་དུ་ལས་ཞུགས། བོད་དུ་ལས་དོན་གཏིང་ཟབ་སྤེལ་བ་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་རྩོམ་པའི་ཁྲོད་མི་ཚེའི་ཕུགས་འདུན་མངོན་འགྱུར་དང་མི་ཚེའི་རིན་ཐང་མངོན་པར་བྱ་རྒྱུའི་རེ་བ་ཡོད། རྒྱ་ཆེའི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པས་ལེགས་ཆ་སྔར་བས་བཏོན་ནས“འགུགས་པ་གཉིས་དང་ནང་འདྲེན་གཉིས”ཀྱི་ལས་དོན་གྱི་སྤུས་ཚད་ལེགས་སུ་དང་ཕན་འབྲས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་སྟོབས་ཆེན་སྐྲུན་པ་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད། རང་སྐྱོང་ལྗོངས་ཀྱིས་ནུས་ཤུགས་ཡོད་རྒུས་རྒྱ་ཆེའི་ཁེ་ལས་མཁས་ཅན་གྱི་མ་འཇོག་ལས་གཏོད་དང་། ཤེས་ལྡན་པ་ཁག་གི་ལས་སྒྲུབ་ལས་གཏོད་ལ་རྒྱབ་སྐྱོར་བྱས་ནས་ཚང་མར་བོད་དུ་ལས་གཏོད་བྱེད་པའི་གོ་སྐབས་ཡོད་པ་དང་། ལས་ཀ་བྱེད་སའི་ལས་སྟེགས་ཡོད་པ། འཕེལ་རྒྱས་གཏོང་སའི་བར་མཐོངས་ཡོད་པ་བཅས་བྱ་རྒྱུ་རེད་ཅེས་གསུངས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི“འགུགས་པ་གཉིས་དང་ནང་འདྲེན་གཉིས”ཀྱི་གཅིག་སྡུད་གན་རྒྱ་བཞག་པའི་རྣམ་གྲངས་20དང་གྲོས་མཐུན་མ་འཇོག་སྒོར་དུང་ཕྱུར་103ཟིན་པ་དེ་ནུས་རྒྱུ་གཙང་མ་དང་། སྐྱེ་དངོས་ཚན་རྩལ། ཁྱད་ལྡན་ཞིང་འབྲོག ལྗང་མདོག་བཟོ་ལས། དེང་རབས་ཞབས་ཞུ་སོགས་ཁྱབ་ཁོངས་ལ་ཁྱབ་པ་དང་། གན་རྒྱ་འཇོག་མཁན་རིགས་གཅིག་མཁས་ཅན་དང་ཤེས་ལྡན་པའི་འཐུས་མི་21ཡོད་པ་དེ་དག་སློབ་གསོ་དང་། ས་མཐོའི་སྐྱེ་ཁམས། ས་གཤིས། སྨན་བཅོས། ཞིང་འབྲོག་སོགས་ཁྱབ་ཁོངས་ལ་ཁྱབ་ཡོད་པ་རེད།