དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་བཏོད་པ།

    རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གྲོང་གསེབ་དཔལ་འབྱོར་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་དང་ཞིབ་འཇུག་པ་ཞུས་ཝུའུ་ཏ་ལ་བཅར་འདྲི་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-11-15

    “《དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ལག་ལེན་དང་དེའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས》ཀྱི་རྒྱབ་ཤ་དཀར་པོའི་དེབ་ཁྱབ་བསྒྲགས་བྱས་པ་དེ་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བོད་ལ་ཐུགས་ཁུར་གཟབ་བཞེས་དང་རེ་བ་ཆེན་པོ་བཅོལ་གནང་བ་མཚོན་ཡོད”ཅེས་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གྲོང་གསེབ་དཔལ་འབྱོར་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་དང་ཞིབ་འཇུག་པ་ཞུས་ཝུའུ་ཏ་ཡིས་བརྗོད་པ་རེད།

    འཕེལ་རྒྱས་ནི་དུས་རབས་ཀྱི་ནམ་ཡང་འགྱུར་བ་མེད་པའི་བརྗོད་དོན་གཙོ་བོ་ཡིན། རྒྱབ་ཤ་དཀར་པོའི་དེབ་ཀྱི་གཞུངདངོས་ཀྱི་ནང་དོན་ཁག་དང་པོ“འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད”ཅེས་པ་བལྟས་རྗེས་ཞུས་ཝུའུ་ཏ་ཡིས་བརྗོད་དོན། དབུལ་ཕོངས་སེལ་བ་དང་། དམངས་འཚོ་ལེགས་སུ་གཏོང་བ། རིམ་བཞིན་ཐུན་མོང་འབྱོར་ཕྱུག་ཡོང་བ་བཅས་བྱ་རྒྱུ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་ཞིག་དང་ཀྲུང་གོ་གུང་ཁྲན་ཏང་གི་ལས་འགན་གལ་ཆེན་ཞིག་རེད། མཚོ་བོད་ས་མཐོར་གནས་པའི་བོད་ཀྱི་ས་དབྱིབས་དམིགས་བསལ་དང་གནམ་གཤིས་དང་ཁོར་ཡུག་ཞན་པོ་ཡོད་ཅིང་། སྐྱེ་ཁམས་ཉམས་ཞན་དང་། ཐོན་ཁུངས་དཀོན་པ། ས་ཆུ་དཀོན་པ། རང་བྱུང་གནོད་འཚེ་ཐོན་མང་བ། འཚོ་གནས་ཀྱི་ཆ་རྐྱེན་ཞན་པ། དབུལ་པོའི་ཚད་གཞི་མཐོ་བ། དབུལ་སྐྱོར་གྱི་མ་གནས་མཐོ་བ། དབུལ་སྒྲོལ་གྱི་དཀའ་ཚད་ཆེ་བ་བཅས་ནི་བོད་ཤིན་ཏུ་དབུལ་དོན་གཙོ་བོ་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག་རྒྱལ་ཡོངས་སུ་མིའི་རིགས་ཀྱི་ལོ་རྒྱུས་ཐོག་གི་གཞི་ཁྱོན་ཆེ་ཤོས་དང་། ཤུགས་ཚད་ཆེ་ཤོས། མི་འབོར་ལ་ཕན་པ་མང་ཤོས་བཅས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་སྒྲིག་འཛུགས་དང་ལག་བསྟར་བྱས་ནས་དབུལ་པོ་དབུལ་རྐྱང་སེལ་བའི་དཀའ་ཚེགས་ཆེ་བའི་ལས་འགན་ལེགས་སྒྲུབ་བྱས་ཡོད། ས་བབ་ཧ་ཅང་མཐོ་བའི་ས་ཁུལ་དུ་གནས་པའི་བོད་ཀྱིས་ཀྲུང་གོའི་དབུལ་པོ་ཉུང་གཏོང་གི་ལོ་རྒྱུས་དང་ཐ་ན་མིའི་རིགས་ཀྱི་དབུལ་པོ་ཉུང་གཏོང་ལོ་རྒྱུས་ཐོག་གི་ངོ་མཚར་ཆེ་བའི་བྱས་རྗེས་རླབས་པོ་ཆེ་བཞག་ཡོད། གནད་སྨིན་དབུལ་སྐྱོར་བྱས་པ་བརྒྱུད་མི་འབོར་དབུལ་པོའི་ཡོང་འབབ་དང་ཕན་བདེའི་ཆུ་ཚད་ཇེ་མཐོར་ཕྱིན་ཞིང་། “སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”ཕྱོགས་ཡོངས་ནས་མངོན་འགྱུར་བྱུང་བ་དང་། སློབ་གསོ་དང་། སྨན་བཅོས། སྡོད་ཁང་། འཐུང་ཆུ་སོགས་ཀྱི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ནས་གཞི་རྩའི་འཚོ་གནས་ཀྱི་དགོས་མཁོ་བསྐངས་ཡོད་ལ་རྗེས་མཐུད་འཕེལ་རྒྱས་ལའང་རྨང་གཞི་བཏིང་ཡོད།

     བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་དེ“ཡོད་མེད”ནས“ཡག་པོ་ཡོད་མེད”ལ་བསྒྱུར་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་ལམ་གསར་པར་སྐྱོད་འགོ་ཚུགས་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་གསལ་བཏོན་གནང་བའི“དོན་ཆེན་བཞིར”དམིགས་ཏེ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོཊ་ཆེན་ཐེངས་བཅུ་པའི་ཐོག“འཛུཊ་གཏོད་བཞིའི”དམིཊ་ཚད་བཏོན་ནས“མདུན་གྲལ་དུ་སླེབས་པ་བཞི”ཧུར་ཐག་ཐུབ་པ་བྱེད་དགོས་ལུགས་བཏོན་ཡོད། དེའི་ཐད་ཞུས་ཝུའུ་ཏ་ཡིས་བརྗོད་དོན། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་འཛུགས་གཏོད་བྱེད་རིང་བོད་ཀྱིས་མཚོ་བོད་ས་མཐོའི་དམིགས་བསལ་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས་འོས་ཤིང་འཚམ་པའི་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་གནད་ལ་འཁེལ་པོས་འཚོལ་བ་དང་། ས་མཐོའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། གསར་དར་ཐོན་ལས་སྐྱེད་སྲིང་ཧུར་ཐག་བཅས་བྱས་ནས་སྐྱེ་ཁམས་མཐུན་འཕྲོད་དང་། ལྗང་མདོག་ཐཱན་ཉུང་། ས་མཐོའི་ཁྱད་ཆོས་ལྡན་པ་བཅས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་བཏོད་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ཀྱིས་ཐོན་ཁུངས་བཀོད་སྒྲིག་ཁྲོད་ཀྱི་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་དང་སྲིད་གཞུང་གི་ནུས་པ་དེ་བས་ལེགས་པོས་འདོན་པར་དམ་པོར་དམིགས་ཏེ། དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་བརྟན་པོའི་ངང་འཕར་བ་དང་། སྒྱུར་བཅོས་ལ་སྐུལ་འདེད། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་འདོགས་པ། ཉེན་ཁ་སྔོན་འགོག་བཅས་ཀྱི་ལས་དོན་ཁག་སྤྱི་འདོམས་ཡག་པོ་བསྒྲུབས་པས་དཔལ་འབྱོར་གྱི་གསོན་ཤུགས་རྒྱུན་ཆད་མེད་པར་འཕེལ་ཡོད། 2022ལོར་ལྗོངས་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་2132.64ཟིན་པ་དེ་འགྱུར་མེད་རིན་གོང་ལྟར་བརྩིས་ན་2012ལོ་ལས་ལྡབ་1.28འཕར་བ་དང་། ལོ་རེར་ཆ་སྙོམས་8.6%འཕར་ནས་དཔལ་འབྱོར་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། “ཐོན་ལས་དང་པོ་ལེགས་སུ་གཏོང་བ་དང་། ཐོན་ལས་གཉིས་པ་སྟོབས་ཆེར་གཏོང་བ། ཐོན་ལས་གསུམ་པ་རིམ་སྤོར”བཅས་བརྒྱུད་དེང་རབས་ཐོན་ལས་མ་ལག་རིམ་སྤོར་ལེགས་སྒྲུབ་བྱས་པས་ཐོན་ཁུངས་ཀྱི་ལེགས་ཆ་ཐོན་ལས་ཀྱི་ལེགས་ཆར་གྱུར་པ་དང་། ཐོན་ལས་ཀྱི་གྲུབ་ཆ་ཉིན་བཞིན་ལུགས་མཐུན་བྱུང་བ། རང་ངོས་འཕེལ་རྒྱས་ཀྱི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་རྟེན་གཞི་གལ་ཆེན་སྐྲུན་དགོས་པའི་བླང་བྱ་ལྟར། ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ཐོན་སྐྱེད་རྟེན་གཞི་དང་ཐོན་ལས་ཁུལ་བཏོད་དེ་ནས་ཀྱི་ཐོན་ལས་དང་། སྤུས་ལེགས་ཕྱུགས་ལས། སྒྲིག་བཀོད་ཞིང་ལས་བཅས་གཙོ་གནད་ཐོག་འཕེལ་རྒྱས་བཏང་སྟེ་གནམ་ཆུ་བསྒུགས་ནས་འཚོ་བ་སྐྱེལ་བ་དང་གནམ་ཆུ་བསྒུགས་ནས་ཕྱུགས་འཚོ་བའི་ལོ་རྒྱུས་མཇུག་འགྲིལ་་ཡོད། སྐྱེ་ཁམས་བདེ་འཇགས་ཀྱི་དམར་ཐིག་བརྟན་པོར་བསྲུངས་ཏེ་རྒྱལ་ཁབ་ཀྱི་འཐབ་ཇུས་ཐོན་ཁུངས་གསོག་འཇོག་རྟེན་གཞི་གལ་ཆེན་འཛུགས་སྐྲུན་བྱེད་དགོས་པའི་བླང་བྱ་ལྟར། ལྗང་མདོག་གཏེར་ལས་དང་། རང་བྱུང་འཐུང་ཆུ། མི་རིགས་ལག་ཤེས་བཟོ་ལས་བཅས་འཕེལ་རྒྱས་ལ་གཙོ་གནད་ཐོག་སྐུལ་འདེད་བཏང་ནས་ནུས་རྒྱུ་གཙང་མ་རྒྱུན་མཐུད་རྟེན་གཞི་རྒྱ་སྟོབས་ཆེ་རུ་བཏང་ཡོད། འཛམ་གླིང་གི་ཡུལ་སྐོར་དམིགས་ས་གལ་ཆེན་དང་ས་ཁོངས་ཧྲིལ་པོའི་སྐྱེ་ཁམས་ཡུལ་སྐོར་དཔེ་སྟོན་ཁུལ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་། རིག་གནས་ལ་བརྟེན་ནས་ཡུལ་སྐོར་གཏོད་པ་དང་ཡུལ་སྐོར་ལ་བརྟེན་ནས་རིག་གནས་མཚོན་པར་བྱེད་རྒྱུ་མཐའ་འཁྱོངས། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་བས་ཡུལ་སྐོར་གྱི་སྤུས་རྟགས་རབ་དང་རིམ་པ་དང་ཁྱད་ལྡན་རིག་གནས་རྣམ་གྲངས་འབོར་ཆེན་ཞིག་ཁྲོམ་རར་འདོན་ཐུབ་པ་བྱུང་ཡོད།

    “རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་ཞིག་ཡིན་པའི་བོད་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་གྱི་གཞི་རྩའི་སྔོན་འགྲོའི་ཆ་རྐྱེན་དང་འགྱུར་མེད་ཀྱི་གཅུན་སྡོམ་དུ་བརྩི་དགོས” ཞུས་ཝུའུ་ཏ་ཡིས་བརྗོད་དོན། ཉེ་བའི་ལོ་ཤས་རིང་བོད་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ཏེ། རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག་པ་དང་གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ནས་རི་ཆུ་ནགས་ཞིང་མཚོ་རྩྭ་བྱེ་འཁྱགས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་ལ་སྤྱི་འདོམས་དང་། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་རྒྱུན་མཐུད་ཤུགས་སྣོན་རྒྱག་པ་བཅས་བྱས་པས་སྐྱེ་ཁམས་དམངས་ཕན་གྱི་ཕན་ནུས་ལྡན་པ་མ་ཟད་བོད་འདི་ཉིད་སྔར་བཞིན་འཛམ་གླིང་ཐོག་སྐྱེ་ཁམས་ཁོར་ཡུག་ཡག་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་རེད། དེ་དང་ཆབས་ཅིག་བོད་ཀྱིས་དབུལ་སྐྱོར་གསར་སྤེལ་བྱ་རྒྱུ་དེ་ས་ཆུ་སྲུང་འཛིན་དང་། ཁོར་ཡུག་སྲུང་སྐྱོང་། སྐྱེ་ཁམས་འཛུགས་སྐྲུན་བཅས་དང་ཟུང་འབྲེལ་བྱས་ཏེ་སྐྱེ་ཁམས་དབུལ་སྐྱོར་དང་། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག སྐྱེ་ཁམས་ཉམས་ཞན་ས་ཁུལ་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་སོགས་ཀྱི་བྱ་ཐབས་སྤྱད་པ་བརྒྱུད། ས་ཁུལ་དབུལ་པོའི་སྐྱེ་ཁམས་སྲུང་སྐྱོང་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ནས་གསེར་རི་དངུལ་རི་ལས་ལྷག་པའི་རི་སྔོན་ཆུ་དྭངས་སྲུང་སྐྱོང་ཐུབ་ཡོད།

    ཞུས་ཝུའུ་ཏ་ཡིས། བོད་ཀྱིས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་འཛུགས་གཏོད་བྱེད་པར་ངེས་པར་དུ“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས་ཀྱིས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་པ་བྱས་ནས། བོད་ཀྱི་དོན་དངོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།