བློ་གྲོས་གཅིག་སྡུད་མཉམ་ཤུགས་ཆགས། ཀུན་སེམས་གཅིག་སྒྲིལ་མཐུན་སྒྲིལ་ཟབ།
ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གི་མི་རིགས་མཐུན་སྒྲིལ་ལས་དོན་སྐོར་གྱི་སྒྲིལ་གླེང་།
འདི་ལོ་ལོ་59ལ་སླེབས་པའི་བསྟན་འཛིན་གྱི་ཐོག་མའི་མིང་ལ་ཀྲང་ཅི་ཁྲེང་ཟེར་བ་དང་ཕ་ཡུལ་མཚོ་སྔོན་ནས་རེད། ལོ་20ལ་སླེབས་སྐབས་ཁོང་ཨར་ལས་རུ་ཁག་དང་མཉམ་དུ་གྲ་ནང་དུ་ཡོང་། “སྐབས་དེ་དུས་ཆ་རྐྱེན་དཀའ་ཚེགས་ཆེན་པོ་ཡོད་མོད། འོན་ཀྱང་ལས་ཡུལ་དུ་མི་རིགས་ཁག་དབར་ཕན་ཚུན་ལྟ་རྟོག་དང་ཁྱིམ་ཚང་གཅིག་ལྟར་བརྩེ་སེམས་ཟབ་པོ་ཡོད། རྗེས་སུ་ལས་ཡུལ་ནས་བཟའ་ཟླ་ངོ་ཤེས་པ་དང་དེ་ནས་བཟུང་ང་གཉིས་དབར་ལས་འཕྲོའི་མདུད་པ་ཐེབས་སོང”ཞེས་བསྟན་འཛིན་གྱིས་དྲན་གསོ་བྱེད་བཞིན་བརྗོད། ཁོང་གིས། ལོ་མང་སོང་ཡང་གྲོང་པ་ཁྱིམ་མཚེས་དབར་ཕན་ཚུན་རོགས་རམ་བྱེད་པའི་བརྩེ་སེམས་ཀྱི་བསམ་པར་འགྱུར་ལྡོག་བྱུང་མེད། མི་རིགས་མཐུན་སྒྲིལ་གྱི་སྲོལ་རྒྱུན་བཟང་པོའི་རྒྱུན་མཐུད་ནས་གྲོང་ཚོའི་ནང་མི་རིགས་མི་འདྲ་བའི་དབར་གཉེན་སྒྲིག་གི་ཁྱིམ་ཚང་དེ་བས་མང་དུ་སོང་ཡོད་ཅེས་བརྗོད།
བདེ་སྐྱིད་གྲོང་གསར་གྱི་མི་རིགས་མང་བའི་ཁྱིམ་ཚང་ཆེན་པོ་དེ་ཉིན་རེ་བཞིན་མཉམ་འདྲེས་བྱུང་བ་དེ་ནི་གྲ་ནང་རྫོང་གི“མི་རིགས་ཁག་འོ་ཆུ་འདྲེས་པ་ལྟར་གཅིག་ལ་གཅིག་བརྟེན་དང་བརྩེ་སེམས་ཤིན་ཏུ་ཟབ་པའི”དོན་དངོས་ཀྱི་མཚོན་ཚུལ་ཞིག་རེད།
བརྩེ་སེམས་དང། ཕན་ནུས་ཀྱིས་ཕྱུག་པའི་སྒོ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་བཙུགས་པ།
བསམ་ཡས་གྲོང་རྡལ་གྱི་འཁྲུག་ཆ་དོད་ཤོས་ཀྱི་གྱིམ་ཤིང་ཁྲོམ་གཞུང་ནི་གྱིམ་ཤིང་ཀོང་ཇོ་བོད་དུ་ཕེབས་པའི་ལོ་རྒྱུས་བརྗོད་དོན་གཙོ་བོར་བྱས་ནས་བཙུགས་པའི་ཚོང་ལས་ཀྱི་རྐང་ཐང་ཁྲོམ་གཞུང་ཞིག་རེད། རྐང་ཐང་ཁྲོམ་གཞུང་དེར་བོད་རིགས་དང་། རྒྱ་རིགས། ཧུད་རིགས་སོགས་མི་རིགས་ཚོང་དུད་ཀྱིས་ཚོང་གཉེར་བྱེད་པའི་ཚོང་ཁང་མང་པོ་ཡོད་ལ། མི་རིགས་ཁག་དབར་ཕན་ཚུན་འཆམ་མཐུན་ཡོད་ཅིང་། ལམ་རྒྱུད་ཀྱི་གློག་སྒྲོན་དང་གྱང་སྟེང་དུ་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཐོག་ནས་བྲིས་པའི་མི་རིགས་མཐུན་སྒྲིལ་གྱི་སྦྱར་ཡིག་དེ་བས་མངོན་གསལ་དོད་པ་དང་། མི་རིགས་ཀྱི་དུས་ཆེན་འཆར་རིམ་བཞིན་དེ་གའི་རྟེན་འབྲེལ་བྱེད་སྒོ་དེ་བས་ཕུན་སུམ་ཚོགས་པོ་ཡོད།
“ལོ་རྒྱུས་ཀྱི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་པ་བརྒྱུད། ང་ཚོས་གྱིམ་ཤིང་ཁྲོམ་གཞུང་དེ་རྫོང་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་ས་ཚིགས་ཀྱི་ལས་གྲྭར་བརྩིས་ནས་མང་ཚོགས་ཀྱི་རྒྱུན་གཏན་གྱི་འཚོ་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་ཟུང་འབྲེལ་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོར་གསོན་ཤུགས་བསྣན་པ་མ་ཟད། སྦྱོང་ཐུབ་པ་དང་། ལྟ་ཐུབ་པ། ཚོར་ཐུབ་པ་བཅས་ཀྱང་བྱས་ཡོད”ཅེས་བསམ་ཡས་གྲོང་རྡལ་གྱི་ཀྲེན་ཀྲང་གཞོན་པ་ཟླ་བ་དོན་གྲུབ་ཀྱིས་བརྗོད། བསམ་ཡས་གྲོང་རྡལ་ནི་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཚན་པ་ཞིག་གི་ངོས་ནས། གྲ་ནང་རྫོང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ཕན་འབྲས་གསར་པ་ཞིག་མངོན་ཡོད། ཉེ་བའི་ལོ་ཤས་རིང་། གྲ་ནང་རྫོང་གིས་རང་སྐྱོང་ལྗོངས་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཚོ(གྲོང་ལྷན)1དང་། དཔེ་བཟང་ཤང(གྲོང་རྡལ)1 མི་རིགས་མང་བའི་ཞི་མཐུན་ཁྲོམ་གཞུང(སྡེ་ཁུལ)1བཅས་བསྐྲུན་པ་དང་། རྫོང་ཡོངས་སུ་ད་དུང་ཚན་པ་དང་ཁྱིམ་ཚང་210ཡི་མིང་ལ་རྫོང་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཚན་པ་དང་དཔེ་བཟང་ཁྱིམ་ཚང་ཞེས་བཏགས་ཡོད།
བློ་རྩེ་གཅིག་སྒྲིམ་གྱིས་མི་རིགས་མཐུན་སྒྲིལ་གྱི“ཀུན་སེམས་གཅིག་ཏུ་སྒྲིལ”བས་གྲ་ནང་རྫོང་གི་མི་རིགས་ཁག་གི་མང་ཚོགས་དབར་ཕན་ཚུན་རོགས་རེས་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད།
དྲིལ་བསྒྲགས་སློབ་གསོ་ཕྱོགས་ཡོངས་ལ་ཁྱབ་པར་བྱས་ནས་བསམ་བློའི་ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྒྲིལ་བ།
འདི་ལོ་སློབ་གྲྭ་བཙུགས་ནས་ལོ་50འཁོར་བར་གྲ་ནང་རྫོང་སློབ་འབྲིང་གིས“ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཆང་བ”སློབ་གྲྭའི་རྟེན་འབྲེལ་གྱི་བརྗོད་དོན་གཙོ་བོར་བྱས་ནས་དྲན་གསོའི་དོན་སྙིང་ལྡན་པའི་བྱེད་སྒོ་དེ་སློབ་གྲྭ་དེའི་དགེ་སློབ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་གསོན་ཉམས་དོད་པའི་སློབ་ཚན་ཞིག་ཏུ་བསྒྱུར་ཡོད། “དུས་སྟོན་དང་ཡང་ན་བྱེད་སྒོ་སྤེལ་ཡུལ་གལ་ཆེན་གང་ཞིག་ཏུ་མི་རིགས་མཐུན་སྒྲིལ་སྔར་བས་གནས་བབ་ཨང་དང་པོར་འཇོག་གི་ཡོད”ཅེས་སློབ་གྲྭའི་རྟེན་འབྲེལ་བྱེད་སྒོའི་བརྗོད་དོན་གཙོ་བོའི་སྐོར་གླེང་སྐབས་སློབ་གྲྭའི་ཏང་ཀྲི་པུའི་ཧྲུའུ་ཅི་ཟླ་བ་བསྟན་འཛིན་གྱིས་བཤད།
ཉེ་བའི་ལོ་ཤས་རིང་། གྲ་ནང་རྫོང་ཨུད་དང་རྫོང་སྲིད་གཞུང་གི་བཀོད་སྒྲིག་འོག་རྫོང་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱིས“སློབ་གྲྭ་རེར་སྤུས་རྟགས་རེ”དང“སློབ་གྲྭ་རེར་ཁྱད་ཆོས་རེ་ལྡན་པའི”སློབ་གྲྭའི་རིག་གནས་འཛུགས་སྐྱོང་འདུ་འགོད་ལག་ལེན་ཤུགས་ཆེན་བསྟར་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི“འཛིན་གྲྭ་ཡག་པོ”དང“ཉལ་ཁང་ཡག་པོ”“སློབ་མ་ཡག་པོ”སོགས་གཏོད་པའི་བྱ་སྤྱོད་རྒྱ་ཁྱབ་སྤེལ་བ་དང་རྒྱུན་རྣམ་ཅན་གྱིས“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བ”དང“ང་ཚོའི་དུས་ཆེན”སོགས་ཀྱི་བྱེད་སྒོ་སྤེལ་བས་སློབ་གྲྭར་ཡོད་པའི་སློབ་མ་ཚང་མར་ཁྱབ་ཡོད།
སློབ་གྲྭའི་སློབ་ཁང་ཕུད་པའི་ཞིང་འབྲོག་ཁུལ་དུ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་ཤུགས་ཆེན་གཏོང་བ་ནང་དོན་གཙོ་བོར་བྱེད་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོ་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད།
སྔོན་ཆད་གྲོང་མི་ཕར་ཞོག་ང་ཚོ་གྲོང་ཚོའི་ལས་བྱེད་པས་ཀྱང་སྤྱི་སྐད་ཡག་པོ་ཤོད་ཤེས་ཀྱི་མེད་པ་ནི་ཚང་མས་སྲིད་ཇུས་སློབ་སྦྱོང་དང་ལས་དོན་དོན་འཁྱོལ་བྱེད་རིང་གི་ཞན་ཆ་ཆེ་ཤོས་སུ་གྱུར་ཡོད་ཅེས་བདེ་སྐྱིད་གྲོང་གསར་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ནོར་བུ་བཟོད་པའི་སྐད་ཆ་ལས་དེ་སྔའི་གཞི་རིམ་ལས་བྱེད་པ་དང་མང་ཚོགས་དབར“སྐད་བརྡ་འཕྲོད་དཀའ་བའི”སེམས་ཁྲལ་མཚོན་ཡོད། དེར་བརྟེན་གྲ་ནང་རྫོང་གིས་གྲོང་སྡོད་ལས་བྱེད་པ་དང་། ཧྲུའུ་ཅི་དང་པོ། གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ་བཅས་ཀྱི་ལེགས་ཆ་གང་ལེགས་བཏོན་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཞིང་། འདི་ལོ་ཁོ་ནར་རྫོང་ཡོངས་སུ་གྲོང་ཚོར(གྲོང་ལྷན)སློབ་སྦྱོང་གསོ་སྦྱོང་ཐེངས་694བྱས་པ་ལས་མང་ཚོགས་མི་ཐེངས་5704ལ་ཕན་པ་ཐོབ་ཡོད་པ་རེད། “ད་ཆ་གྲོང་ཚོའི་ལས་བྱེད་པས་སྤྱི་སྐད་ནས་སློབ་སྦྱོང་བྱེད་པ་དང་ལས་དོན་སྤེལ་བ་རྒྱུན་གཏན་གྱི་བྱ་བ་ཞིག་ཏུ་གྱུར་ཡོད”ཅེས་ནོར་བུ་བཟོད་པས་སྤོབས་སེམས་ཆེན་པོས་བརྗོད།
དེ་དང་ཆབས་ཅིག་རྫོང་ཡོངས་ཀྱིས“མོས་སེམས་ལྔ”ཟབ་ཏུ་གཏོང་བའི་འདུ་འགོད་ལ་སྐུལ་འདེད་ཏན་ཏིག་བཏང་ནས་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་དང་མི་རིགས་ཀྱི་དུས་ཆེན་གཏོང་བ་སོགས་ཀྱི་བྱེད་སྒོ་སྤེལ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཞི་རིམ་གྱི་རྨང་གཞི་སྔར་བས་བརྟན་དུ་བཏང་ཡོད། སྨིན་གྲོལ་གླིང་དགོན་པས་ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱིས“འདུ་ཤེས་གསུམ”གྱི་སློབ་གསོ་ཟབ་ཏུ་གཏོང་བ་གོ་སྐབས་སུ་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་རྟེན་གཞི་བཙུགས་ཏེ་དགེ་འདུན་པ་ཚོར་རྒྱལ་གཅེས་ཆོས་གཅེས་ཀྱི་ཕུལ་བྱུང་གི་སྲོལ་རྒྱུན་ལག་ལེན་བསྟར་བའི་ཁྲིད་སྟོན་བྱས་པ་རེད།
མཉམ་ཟ་མཉམ་སྡོད་མཉམ་སྦྱོང་མཉམ་དུ་ལས་ཀ་བྱས་ནས་མི་རིགས་ཁག་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཟབ་ཏུ་བཏང་བ།
ཡར་ཀླུང་གཙང་པོའི་བྱང་ངོགས་སུ་གནས་པའི་མུའུ་ཁྲིའི་བོད་ཀྱི་རྩི་ཤིང་སྡོང་ཕྲུག་གསོ་སྤེལ་རྟེན་གཞི་ནི་གྲ་ནང་རྫོང་གིས་ནང་འདྲེན་བྱས་པའི་རང་སྐྱོང་ལྗོངས་ཀྱི་གཙོ་གནད་སྐྱེ་ཁམས་ཐོན་ལས་ཤིག་རེད། རྣམ་གྲངས་འདི་དོན་འཁྱོལ་བྱས་ཚུན་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་ལ་སྐུལ་འདེད་གཏོང་བ་དང་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་སོགས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།
ནང་སོག་ནས་ཡིན་པའི་ཆའོ་ཅ་ཤིང་ནི་རྟེན་གཞི་དེའི་ལག་རྩལ་མཛུབ་ཁྲིད་པ་ཞིག་ཡིན་པ་དང་། ཁོང་གིས་ས་གནས་དེ་གའི་མང་ཚོགས་ལ་སྡོང་ཕྲུག་འདེབས་སྟངས་དང་བདག་སྐྱོང་བྱེད་སྟངས་མཛུབ་ཁྲིད་ཀྱི་འགན་འཁུར་བཞིན་ཡོད། རྟེན་གཞིར་ལས་ཀ་བྱེད་མཁན་མང་ཚོགས་ཚང་མས་སྡོང་ཕྲུག་འདེབས་པ་དང་། སྡོང་ཕྲུག་ལ་ཆུ་རྒྱག་པ། ནད་དང་གནོད་འབུའི་གནོད་འཚེ་འགོག་བཅོས་སོགས་ཀྱི་ལག་རྩལ་ཁོང་དུ་ཆུད་ཡོད་པས་ཆའོ་ཅ་ཤིང་ལ་གྲུབ་འབྲས་ཆེན་པོ་ཐོབ་པའི་སྣང་བ་ཡོང་གི་ཡོད།
ལས་ཀའི་ཐད་ངས་ཁོ་ཚོར་ལག་རྩལ་གྱི་མཛུབ་ཁྲིད་བྱེད་ཀྱི་ཡོད། འོན་ཀྱང་འཚོ་བའི་ཐད་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་ཚོས་ངར་ལྟ་རྟོག་ཆེན་པོ་བྱེད་ཀྱི་འདུག་ཅེས་ཆའོ་ཅ་ཤིང་གིས་བཤད། ས་གནས་དེ་གའི་མང་ཚོགས་ཀྱིས་རྒྱུན་དུ་ལས་ཡུལ་དུ་རྔན་པ་དང་འཐུང་བྱ་ཁྱེར་ཡོང་ན་ཆའོ་ཅ་ཤིང་ལ་ཡང་སྐལ་བ་ཡོད། ཚང་མས་ཆའོ་ཅ་ཤིང་གི་ཕ་ཡུལ་ནང་སོག་ཏུའང་རྟ་རྒྱུག་དུས་ཆེན་གཏོང་སྲོལ་ཡོད་པ་ཤེས་པས་ན། ཁོང་གྲོང་ཚོ་ཁག་གི་འོང་སྐོར་གྱི་སྐབས་སུ་གཉེར་བའི་རྟ་རྒྱུག་འགྲན་བསྡུར་ལ་གདན་འདྲེན་གྱི་ཡོད། ས་གནས་དེ་གའི་མང་ཚོགས་དབར་ནང་མི་སྤུན་མཆེད་ལྟར་བརྩེ་བ་ཟབ་མོ་ཡོད་པས་ཆའོ་ཅ་ཤིང་གིས་གྲ་ནང་རང་གི་ཕ་ཡུལ་གཉིས་པར་རྩི་ཡི་ཡོད།
བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དབར་འགྲོ་འོང་དང་སྤེལ་རེས་ཟབ་ཏུ་གཏོང་ཆེད། ཉེ་བའི་ལོ་ཤས་རིང་གྲ་ནང་རྫོང་གིས་ཁ་གཏད་བོད་སྐྱོར་གྱི་ཐོན་ཁུངས་ལ་བརྟེན་ནས་ཧུའུ་ནན་ཞིང་ཆེན་ཀྲུའུ་ཀྲོའུ་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་ཚོགས་ཆུང་ཁག་བཅུ་པ་དང་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་སྟེ། ས་ཁུལ་གཉིས་དབར་ཕན་ཚུན་སྤེལ་རེས་བྱེད་སྟངས་སྤྱད་དེ“ཁག་གཅིག་ལ་མཛའ་གྲོགས་འབྲེལ་མཐུད”དང“ཁག་གཅིག་ལ་ལས་ཞུགས་རོགས་སྐྱོར”“ཁག་གཅིག་ལ་ཆེད་ལས་ཀྱི་གསོ་སྦྱོང”བཅས་ཀྱི་ལས་དོན་གཏིང་ཟབ་སྤེལ་བ་རེད། མིག་སྔའི་བར་རྫོང་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་ཞིང་འབྲོག་མང་ཚོགས་ལྗོངས་ཕྱི་ནང་དུ་སློབ་སྦྱོང་ལ་ཐེངས་12བསྐྱོད་པས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་སྔར་བས་ཟབ་ཏུ་ཕྱིན་ཡོད།
གཅིག་སེམས་གཅིག་ཏུ་འབྲེལ་ནས་མཐུན་སྒྲིལ་མདུན་སྐྱོད་བྱས་ཡོད། མི་རིགས་ཀྱི་བརྩེ་བ་ནི་གཙང་པོ་རྒྱུག་ཁུལ་གྱི་ས་གཞི་བརླན་པར་བྱེད་པའི་ཆུ་མོ་ཡར་ཀླུང་གཙང་པོ་ལྟར་ཡིན་ཞིང་། དེས“སྣམ་བུའི་ཕ་ཡུལ”གྱི་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་རབ་ཏུ་བཞད་པར་བྱས་ཡོད།