ཀྲུང་གོ་མཛེས་རྩལ་སློབ་གླིང་བཙུགས་ནས་ལོ་95འཁོར་བའི་རྟེན་འབྲེལ་བྱེད་སྒོར་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པའི་སྐོར་ལ་གྲོས་བསྡུར་བྱས་པ།
ཉིན་ཤས་གོང་། ཀྲུང་གོ་མཛེས་རྩལ་སློབ་གླིང་བཙུགས་ནས་ལོ་95འཁོར་བའི་ཚོགས་ཆེན་ཀྲེ་ཅང་ཧང་ཀྲོའུ་རུ་འཚོགས་ཤིང་། ཀྲུང་གོ་མཛེས་རྩལ་སློབ་གླིང་ཏང་ཨུད་ཀྱི་ཧྲུའུ་ཅི་ཅིན་དབྱི་པིན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་ཡོན་ཀྲང་ཀའོ་ཧྲི་མིང་གིས་བརྗོད་དོན་གཙོ་བོའི་གཏམ་བཤད་གནང་བ་རེད། མཱ་ཧྥེང་ཧུའེ་དང་། ཧྲི་དབྱི་ཀུང་། ཏུའུ་ཅང་ཧྥེང་། ཞུས་ཅང་བཅས་དང་དེ་བཞིན་སློབ་གྲྭ་གཅིག་པའི་འཐུས་མིས་སྔ་རྗེས་སུ་ཤིས་ཚིག་བསྒྲོན་ཞིང་། མི་དམངས་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ཧྥང་ཅང་ཧྲན་སོགས་ཞུགས་པ་རེད།
ད་ལོ་ནས་བཟུང་། ཧུའུ་ནན་དང་ཧུའུ་པེའི་སློབ་ཁུལ་དུ་ཁག་དང་པོའི་དགེ་སློབ་བསྡད་པ་དང་། ལེང་ཀྲུའུ་སློབ་ཁུལ་ཕྱོགས་ཡོངས་ནས་སྤྱོད་འགོ་ཚུགས་པ་དང་ཆབས་ཅིག ཀྲུང་གོ་མཛེས་རྩལ་སློབ་གླིང་གིས“ལོ་བརྒྱའི་བཟོ་བོ་མཁས་ཅན”གྱི་ཞིབ་འཇུག་འདུ་འགོད་ལག་བསྟར་བྱས་པ་མ་ཟད།“ཆུ་འགོར་བསྐྱོད་ནས་ཆུ་འཐུང་། རླབས་ཆེན་དག་དང་མཉམ་སྐྱོད”ཅེས་པའི་སློབ་གྲྭའི་རྟེན་འབྲེལ་གྱི་བརྗོད་དོན་གཙོ་བོར་དམིགས་ཏེ་རིག་གཞུང་བྱེད་སྒོ་རབ་དང་རིམ་པ་ཁག་10ལྷག་ཙམ་སྔ་རྗེས་སུ་སྤེལ་བ་རེད།
ཀྲུང་གོ་མཛེས་རྩལ་སློབ་གླིང་གི་སྔ་མིང་ནི་རྒྱལ་བཙུགས་སྒྱུ་རྩལ་སློབ་གླིང་ཡིན་པ་དང་1928ལོར་ཚའེ་ཡོན་ཕེ་ཡིས་བཙུགས་པ་རེད། ལོ་95ཡི་འཕེལ་རིམ་ཁྲོད་ཀྲུང་གོ་མཛེས་རྩལ་སློབ་གླིང་གནས་སྤོ་ཐེངས་མང་བྱས་པ་དང་མིང་ཡང་ཐེངས་མང་བརྗེས་མྱོང་ནའང་། ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དུ་ལངས་ནས་མི་རིགས་ཀྱི་སྒྱུ་རྩལ་དར་རྒྱས་གཏོང་བའི་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ལ་བརྟེན་ཞིང་། “ཤར་ཕྱོགས་རིག་པ་ཁྱད་ཆོས་སུ་བྱས་པའི་འཛམ་གླིང་གི་མཛེས་རྩལ་རིག་པའི་རིག་ཚན་རྩེ་གྲ་གཉེར་བ་དང་། སྒྱུ་རྩལ་གསར་གཏོད་དོན་སྙིང་དུ་བྱེད་པ་དང་སྤྱི་ཚོགས་མཛེས་དཔྱད་སློབ་གསོ་འགན་འཁྲིར་བྱེད་པའི་མི་ཆོས་རིག་གནས་ཀྱི་སློབ་གསོའི་མ་ལག་གསར་པ་གཏོད་པའི”ལས་འགན་གཉིས་ལ་དམིགས་ཏེ། སློབ་ར་གསར་སྒྱུར་དང་། འདུ་ཤེས་རྒྱུན་འཛིན། རིག་ཚན་རྒྱ་སྐྱེད། ཚན་ཁག་བསྐྱར་སྒྲིག་བཅས་བྱས་པས། “སློབ་ཁུལ་ལྔ་དང་སློབ་གླིང་བཅུ་དྲུག”གི་རྣམ་པ་ཞིག་གྲུབ་ཅིང་། སྤྱོད་ཡོན་གཉིས་ལྡན་དང་། སྒྱུ་རྩལ་ཤེས་བྱ་གཉིས་ལྡན། གནའ་དེང་ཀུན་ཤེས། རང་གཞན་ཀུན་ཤེས་བཅས་ཀྱི་ཕུལ་བྱུང་གི་སྒྱུ་རྩལ་ཤེས་ལྡན་མི་སྣ་ཁག་གཅིག་གསོ་སྐྱོང་བྱས་ཡོད་པ་རེད།