དཔལ་འབྱོར་སྤྱི་ཡོངས་ནས་ཡང་བསྐྱར་འཕར་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་བ།
ཟླ་7ཚེས་24ཉིན་འཚོགས་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུར“རིམས་ནད་སྔོན་འགོག་དང་ཚོད་འཛིན་བརྟན་པོ་བྱུང་རྗེས་དཔལ་འབྱོར་སླར་གསོ་བྱེད་པ་ནི་རྦ་རླབས་རྣམ་པའི་འཕེལ་རྒྱས་དང་ཀྱག་ཀྱོག་རྣམ་པའི་མདུན་སྐྱོད་ཀྱི་བརྒྱུད་རིམ་ཞིག་རེད”ཅེས་བསྟན་ཡོད།
འཐབ་ཇུས་ཀྱི་བརྡར་ཤ་འདིར་གོ་བ་གཏིང་ཟབ་ལེན་དགོས་ན། ཕྱོགས་གཅིག་ནས་འཕེལ་རྒྱས་དང་མདུན་སྐྱོད་ནི་གཙོ་རྒྱུན་མཐོང་དགོས་པ་དང་ཕྱོགས་གཞན་ཞིག་ནས་རྦ་རླབས་དང་ཀྱག་ཀྱོག་ལ་ཁ་གཏད་གཅོག་པའི་གྲ་སྒྲིག་ལེགས་པོ་བྱེད་དགོས།
ད་ལོ་ནས་བཟུང་། དཔལ་འབྱོར་སྤྱི་ཡོངས་ནས་ཡང་བསྐྱར་འཕར་ཏེ་ལེགས་སུ་ཕྱིན་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད།
རང་རྒྱལ་གྱིས་བཟོས་པའི་གནམ་གྲུ་ཆེ་གྲས་ཚོང་ལ་སྤྱོད་པ་དང་། རང་རྒྱལ་གྱིས་བཟོས་པའི་སྦྲག་སྐྱེལ་གྲུ་གཟིངས་ཚོད་གཏོང་བྱས་པ། ཕྱི་ཕྱོགས་ཚོང་དོན་གྱི“ཐོན་རྫས་གསར་པ་གསུམ”ཕྱིར་གཏོང་བྱས་པ། ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་ཚད་ཁྲི་2000ལས་ཚད་བརྒལ་བྱུང་བ་རེད། གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་ཡང་བསྐྱར་སྒྲིག་པའི་འགྲན་སློང་ལ་ཁ་གཏད་ཧུར་ཐག་གཅོག་པ་དང་བཟོ་སྐྲུན་ལས་རིགས་ཀྱི་རྒྱལ་ཁབ་ཆེན་པོ་དང་པོའི་སྒུལ་ནུས་ཚ་ཚ་འུར་འུར་ཆེ་རུ་ཕྱིན་ཡོད།
མཁོ་སྤྲོད་མང་དུ་ཕྱིན་པ་དང་དགོས་མཁོ་ཆེ་རུ་ཕྱིན་ནས་ལས་ཞུགས་དང་ཟོག་གོང་སྤྱིར་ན་བརྟན་པོ་ཡོད་པ་རེད། གོང་ནས་འོག་བར་བལྟས་ན། འཕེལ་ཕྱོགས་ཡང་བསྐྱར་འཕར་བ་དང་ལེགས་ཕྱོགས་སུ་འགྲོ་བ་དང་། རིམ་མཚུངས་དང་བསྡུར་ན། གྲུབ་འབྲས་ཀྱང་ཐོབ་དཀའ་བ་ཞིག་རེད།
རིམས་ནད་ཐོན་ནས་ལོ་གསུམ་སོང་རིང་ཀྲུང་གོའི་དཔལ་འབྱོར་ལ་འགྲན་སློང་ཆེན་པོ་དང་ཚོད་བགམ་ཆེན་པོ་འཕྲད་མྱོང་བ་དང་4.5%ཙམ་གྱི་ལོ་རེའི་ཆ་སྙོམས་འཕར་ཚད་མངོན་འགྱུར་བྱུང་སྟེ་འཛམ་གླིང་གི་ཆ་སྙོམས་ཆུ་ཚད་ལས་མངོན་གསལ་དོད་པོས་མཐོ་བ་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་སྡེ་གཞི་ནས་མཚོན་ཚུལ་མངོན་གསལ་དོད་པོ་ཡོད་པ་རེད།
“རིམས་ནད་རྗེས་ཀྱི་དུས་རབས”སུ་སླེབས་ནས་འཛམ་གླིང་གི་དཔལ་འབྱོར་དཀའ་ཚེགས་ཆེན་པོས་སླར་གསོ་བྱུང་བ་དང་འཕར་ཚད་མངོན་གསལ་དོད་པོས་དལ་དུ་ཕྱིན་ཡོད། རང་རྒྱལ་ལ་བསམ་གཞིག་བྱས་ཚེ། དུས་ཚིགས་དང་པོ་ནས་གསུམ་པའི་བར་GDPདུས་མཚུངས་ལས་5.2%འཕར་བ་ལས། དུས་ཚིགས་གསུམ་པར་4.9%འཕར་བ་དང་དམིགས་ཚད་གཉིས་ཀ་དཔལ་འབྱོར་སྡེ་གཞི་ནས་མདུན་གྲལ་དུ་སླེབས་ནས་དཔལ་འབྱོར་སླར་གསོ་དང་ལེགས་སུ་འགྲོ་ཚུལ་སྤྱི་ཡོངས་ནས་འཕེལ་ཕྱོགས་སྔར་བས་མངོན་གསལ་དོད་དུ་འགྲོ་བཞིན་ཡོད།
ཀྲུང་གོའི་དཔལ་འབྱོར་གསལ་པོ་རྟོགས་པར་གྲུབ་འབྲས་མཐོང་ཐུབ་པ་དང་གདེང་ཚོད་བརྟན་དུ་གཏོང་དགོས་ལ་གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་པ་དང་འགྲན་སློང་ལའང་ཁ་གཏད་གཅོག་དགོས།
ཕྱི་ཕྱོགས་ལ་བལྟས་ཚེ། ལོ་བརྒྱའི་འགྱུར་ལྡོག་དང་དུས་རབས་ཀྱི་རིམས་ནད་མཉམ་དུ་ཕྲད་ནས་འཛམ་གླིང་ཡོ་ལང་འཕོ་འགྱུར་གྱི་དུས་སྐབས་གསར་པར་སླེབས་པ་དང་དཔལ་འབྱོར་སྡེ་གཞི་གཙོ་བོ་མང་ཆེ་བར་དངུལ་ལོར་འགྲེམས་ཐལ་ཤོར་བ་དང་། དགོས་མཁོ་ཆུང་བ། སླར་གསོ་བྱེད་ཤུགས་ཞན་པ་བཅས་ཀྱི་གནས་ཚུལ་ཕྲད་ཡོད།
ནང་ངོས་ནས་བལྟས་ཚེ། ཀྲུང་གོའི་དཔལ་འབྱོར་མགྱོགས་མྱུར་འཕར་བའི་དུས་མཚམས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་སུ་སླེབས་པ་དང་། སྒུལ་ཤུགས་སྒྱུར་བ་དང་། བྱེད་སྟངས་སྒྱུར་བ། གྲུབ་ཆ་ལེགས་སྒྲིག་བཅས་ཀྱི་ལས་འགན་ལྕི་པོ་ཡོད། ལོ་གསུམ་རིང་གི་རིམས་ནད་ཀྱིས་སླར་ཡང་རྡབ་རྡེག་དང་གྱོང་གུན་མི་ཉུང་བ་ཞིག་བཟོས་ཡོད། དུས་ཡུན་ཐུང་ཞིང་ཆ་ཤས་ཀྱི་གནད་དོན་སེལ་སླ་པོ་ཡོད་པ་དང་། དུས་ཡུན་རིང་ཞིང་རྙོག་འཛིང་ཆེ་བའི་ཤུགས་རྐྱེན་ལ་སྙོམས་སྒྲིག་བྱེད་མཁས་པོ་བྱེད་དགོས།
དཔེར་ན་འཛད་སྤྱོད་སྟོན་རྟགས་ཀྱི་འཕར་ཆག་ལྟ་བུར་མཚོན་ན། 2023ལོར་སླེབས་སྐབས་དེ་སྔའི་འཛད་སྤྱོད་རྣམ་པའི་ཚོད་འཛིན་མེད་པར་བཟོས་པ་དང་ཆབས་ཅིག་བཟའ་བཏུང་དང་། ཡུལ་སྐོར། རིག་གནས་སོགས་འབྲེལ་འདྲིས་རྣམ་པ་དང་གཅིག་སྡུད་རྣམ་པའི་འཛད་སྤྱོད་སྔོན་ལ་སླར་གསོ་བྱུང་ཡོད། འོན་ཀྱང་རིམས་ནད་ཀྱིས་བཟོས་པའི“རྨ་ཤུལ་གྱི་བྱེད་ནུས”ཀྱིས་གྲོང་མིའི་འཛད་སྤྱོད་ཀྱི་ནུས་པ་དང་གདེང་ཚོད་ལ་ཤུགས་རྐྱེན་ཐེབས་ནས་སྡོད་ཁང་སོགས་འཛད་སྤྱོད་ཀྱི་དགོས་མཁོ་འབོར་ཆེན་ཁྱབ་ཁོངས་གཞན་དང་འདྲ་བར“ཡང་བསྐྱར་ལོག”དཀའ་བར་གྱུར་ཡོད།
ཡང་དཔེར་ན་ཁེ་ལས་ཀྱི་གདེང་ཚོད་ཀྱི་འཕར་ཆག་ལྟ་བུར་མཚོན་ན། རིམས་ནད་སྔོན་འགོག་དང་ཚོད་འཛིན་བརྟན་པོ་བྱུང་རྗེས། ཁེ་ལས་མི་ཉུང་བ་ཞིག་གིས་ནུས་ཤུགས་ཡོད་རྒུས་མངགས་ཐོར་དམ་འཛིན་དང་ཐོན་སྐྱེད་ཧུར་ཐག་བྱེད་པའི་ངར་ཤུགས་ཆེན་པོ་ཡོད་མོད། འོན་ཀྱང་ནང་མཁོ་སླར་གསོ་ཡོང་བར་བརྒྱུད་རིམ་དགོས་པ་དང་། རྒྱལ་སྤྱིའི་ཁྲོམ་རའི་ཚོང་དོན་དལ་དུ་འགྲོ་བ་དང་རེ་ཞིག་སྤྱིའི་དགོས་མཁོ་མི་འདང་བར་བརྟེན་དེ་ལས་ལྡོག་སྟེ་མཁོ་སྤྲོད་ཕྱོགས་ཀྱི་འགྲན་རྩོད་གནོན་ཤུགས་ཇེ་ཆེར་སོང་བ་དེས་ཀྱང་ཁེ་ལས་ཁག་གཅིག་གི་སྔོན་དཔག་ལའང་ཤུགས་རྐྱེན་ཐེབས་ནས་གདེང་ཚོད་ཡོངས་སུ་སླར་གསོ་ཐུབ་མེད།
རྦ་རླབས་དང་ཀྱག་ཀྱོག་དེ་དག་ལ་ཚད་མཐོའི་མཐོང་ཆེན་བྱེད་དགོས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་ཡང་འཛིན་དགོས།
དཔལ་འབྱོར་འཕེལ་རྒྱས་ནི་དུང་འཁྱིལ་དབྱིབས་ལྟར་འཕེལ་བའི་བརྒྱུད་རིམ་ཞིག་ཡིན་པས། གེགས་བར་སྣ་ཚོགས་འཕྲད་སྲིད། གནད་དོན་ཁ་ཤས་དུས་འཁོར་ཐུང་ངུའི་ནང་བལྟས་ན་ཛ་དྲག་ཆེ་མོད། འོན་ཀྱང་དུས་ཡུན་དེ་བས་རིང་བ་ནས་བལྟས་ན། དུས་མཚམས་རང་བཞིན་གྱི་སྣང་ཚུལ་ཞིག་ཡིན་པས། སེམས་ཁྲལ་ཆེན་པོ་བྱེད་དགོས་དོན་མེད།
གཞི་ཆེན་ནས་བལྟས་ན། དེང་སྐབས་རང་རྒྱལ་གྱི་དཔལ་འབྱོར་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་120ཡན་ཟིན་པ་དང་། ལོ་གཅིག་ལ་འཕར་བའི་དཔལ་འབྱོར་གཞི་ཁྱོན་ནི་འབྲིང་རིམ་དཔལ་འབྱོར་སྡེ་གཞི་ཞིག་དང་མཚུངས། དངོས་པོའི་རྨང་གཞི་བཟང་བ་དང་། ཐོན་ལས་ཀྱི་མ་ལག་ཆ་ཚང་བ། ཁྲོམ་རའི་དགོས་མཁོ་ཆེ་བ། མི་ཤུགས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་བཅས་ལས། ང་ཚོར་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་གཅོག་པ་དང་། དཔལ་འབྱོར་བརྟན་བགྲོད་རྒྱང་འཁྱོལ་ལ་སྐུལ་འདེད་གཏོང་བར་གདིང་ཤུགས་བརྟན་པོ་ཞིག་བྱུང་ཡོད།
མིག་སྔར་དངོས་སྒྲུབ་དང་སྤྱོད་གོ་ཆོད་པའི་ཁ་གཏད་གཅོག་ཐབས་རབ་དང་རིམ་པ་གཅིག་རྗེས་གཉིས་མཐུད་ངང་དོན་འཁྱོལ་ཐུབ་ནས་ཕན་འབྲས་ཐོན་བཞིན་ཡོད་པ་རེད།
རླངས་འཁོར་དང་། ཁྱིམ་ཆས། ཨར་པོའི་རྒྱུ་ཆ། གློག་རྡུལ་ཐོན་རྫས་བཅས་འཛད་སྤྱོད་འབོར་ཆེན་ལ་དམིགས་པའི་སྲིད་ཇུས་བཟང་པོ་ཡང་ཡང་བཏོན་ནས་ནང་མཁོའི་གཏིང་ཤུགས་དེ་བས་ལེགས་པའི་ངང་འདོན་པར་འདེགས་སྐྱོར་བྱེད་བཞིན་ཡོད་པ་རེད། སྤྱི་ཚོགས་འཛད་རྫས་ཀྱི་སིལ་ཚོང་བསྡོམས་འབོར་འཕར་ཚད་ཟླ་བརྒྱད་པར་ཡང་བསྐྱར་འཕར་བའི་མཚམས་སུ་སླེབས་ཡོད་པ་དང་། ཟླ་9པར་བཟོ་སྐྲུན་ལས་རིགས་ཀྱི་PMIཟླ་4པ་ནས་བཟུང་འཕར་ཚད་ཆེ་བའི་མཚམས་སུ་ཐོག་མར་སླེབས་ནས་ཁྲོམ་རའི་ཁེ་ལས་ཀྱི་སྔོན་དཔག་སྤྱི་ཡོངས་ནས་ཡག་པོ་ཡོད་པ་མཚོན་ཡོད།
གྲོང་ཁྱེར་རིམ་པ་དང་པོས“ཁང་པ་ཡོད་མེད་ལ་ལྟ་བ་ལས་བུ་ལོན་ཡོད་མེད་ལ་མི་ལྟ་བ”ལག་བསྟར་བྱས་ནས་དངུལ་རྩའི་སྡེ་ཚན་གྱིས་སྡོད་ཁང་གི་དངུལ་བུན་སྐྱེད་ཀ་དང་ཐོག་མའི་དངུལ་སྤྲོད་ཀྱི་བསྡུར་གྲངས་དམའ་རུ་གཏོང་བ་བཏོན་པ་དང་། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཏེ་ཐབས་མང་མཉམ་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ། གཙོ་གནད་ལས་རིགས་བརྟན་པོའི་ངང་འཕར་བའི་ལམ་རིས་འགའ་ཞིག་བཏོན་ནས་ནོར་སྲིད་དང་དངུལ་ལོར་གྱི་སྲིད་ཇུས་ཀྱི“ལག་སྒམ”ཕྱོགས་སྡུད་སྤྱད་པ་ལ་སོགས་པའི་ཁེ་ལས་ཀྱི་སྔོན་དཔག་ལེགས་སུ་འགྲོ་བ་དང་ཁྲོམ་རའི་གསོན་ཤུགས་ཆེ་རུ་སོང་བས་དཔལ་འབྱོར་སླར་གསོ་དང་ལེགས་སུ་འགྲོ་བའི“དྲང་ཕྱོགས་འཁོར་རྒྱུག”གི་བགྲོད་ལམ་དུ་རྒྱུན་མཐུད་འཁོར་རྒྱུག་ཐུབ་པར་རམ་འདེགས་བྱེད་ཀྱི་ཡོད་པ་རེད།