དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ལག་ལེན་དང་དེའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས།

    བོད་ཀྱི་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་བྱུང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  དབྱང་ཧའོ།   |     སྤེལ་དུས།  2023-11-14

    ཟླ་11ཚེས་10ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས《དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ལག་ལེན་དང་དེའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས》ཀྱི་རྒྱབ་ཤ་དཀར་པོའི་དེབ་ཁྱབ་བསྒྲགས་བྱས་པ་རེད། ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ཝང་ཀང་དང་། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཞུས་ཀྲི་ཐའོ་བཅས་ཡོངས་བསྒྲགས་ཚོགས་འདུར་ཞུགས་ནས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་བ་དང་འབྲེལ་དྲི་བར་ལན་ཡང་བསྐྱོན་པ་རེད།

    “རྒྱབ་ཤ་དཀར་པོའི་དེབ་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དང་བོད་དུ་རྟོག་ཞིབ་གནང་བར་ཕེབས་སྐབས་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་པ། ‘ངེས་པར་དུ་བཅུ’ལ་དམིགས་ནས་བོད་འདི་ཉིད་དུས་རབས་གསར་པར་བསླེབས་རྗེས་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། མི་རིགས། ཆོས་ལུགས། སྤྱི་ཚོགས། སྐྱེ་ཁམས་ཤེས་དཔལ་བཅས་ཀྱི་ཁྱབ་ཁོངས་ཁག་ལ་ཐོབ་པའི་འཕེལ་རྒྱས་དང་ཡར་རྒྱས་གཙོ་གནད་དུ་བཟུང་ནས་ངོ་སྤྲོད་བྱས་ཡོད” ཝང་ཀང་གིས་རྒྱབ་ཤ་དཀར་པོའི་དེབ་ཁྱབ་བསྒྲགས་གནང་སྐབས། དུས་རབས་གསར་པའི་བོད་ཀྱི་འཕེལ་རྒྱས་དང་ཡར་རྒྱས་ལས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ནི་རྦད་དེ་ཡང་དག་ཡིན་པ་ར་སྤྲོད་གང་ལེགས་ཐུབ་ཡོད་ཅེས་གསུངས་པ་རེད།

    གཅིག

    བོད་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་ལོ་8བསྟུད་མར་རྒྱལ་ཡོངས་ཀྱི་ཨང་དང་པོར་བསླེབས་པ།

    “དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བ། དམངས་འཚོར་འགན་ལེན་དང་ལེགས་སུ་གཏོང་རྒྱུ་དང་མི་སེམས་གཅིག་ཏུ་བསྒྲིལ་རྒྱུ་དེ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས། དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་དང་མགྱོགས་མྱུར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་དང་བོད་སྐྱོར་འཛུགས་སྐྲུན་ནས་མུ་མཐུད་ནུས་ཤུགས་འདོན་པར་སྐུལ་སྤེལ་བཏང་ཡོད”ཅེས་ཝང་ཀང་གིས་གསུངས་པ་རེད།

    ཡན་ཅིན་ཧའེ་ཡིས་ངོ་སྤྲོད་གནང་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ་བོད་ཀྱིས“བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་ཀྱི་གཟི་བརྗིད་ལས་འགན་ཕྲག་ཏུ་མཐའ་གཅིག་ཏུ་འཁུར་བ་དང“དོན་ཆེན་བཞི”ཉིད་ཕྱོགས་ཡོངས་རང་བཞིན་གྱི་ངེས་གནས་དང་། ཕྱོགས་ཡོངས་ཀྱི་བླང་བྱ། བརྒྱུད་རིམ་ཧྲིལ་པོར་སྣེ་ཁྲིད་བཅས་ལ་བརྩིས་ཏེ། འབད་འབུངས་ལྷོད་མེད་དང་གསར་འབྱེད་ཡར་བརྩོན་བྱས་པས་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་བྱུང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།

    མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་པ་ལས་བདེ་སྡོད་ལས་བརྩོན་དང་བདེ་སྐྱིད་ཁམས་བཟང་གི་རྣམ་པ་གསར་པ་མངོན་ཞིང་། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་62.8ཚང་མ་དབུལ་པོ་ལས་གྲོལ་བ་དང་རྫོང(ཆུས)74ཚང་མའི་དབུལ་ཞྭ་འབུད་ཐུབ་པ་དང་། གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་ལོ་8བསྟུད་མར་རྒྱལ་ཡོངས་ཀྱི་ཨང་དང་པོར་བསླེབས་པ། བུ་བཅོལ་ཁང་དང་། སློབ་ཆུང་། དམའ་རིམ་སློབ་འབྲིང་བཅས་ནས་མཐོ་རིམ་སློབ་འབྲིང་བར་གྱི་ལོ་15རིང་གི་གཞུང་གྲོན་སློབ་གསོའི་མ་ལག་གཞན་གྱི་སྔོན་ལ་བཙུགས་པ། མི་རེའི་ཆ་སྙོམས་ཀྱི་སྔོན་དཔག་ཚེ་ཚད་ལོ་72.19བར་རིང་དུ་ཕྱིན་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་འགན་ལེན་མི་འབོར་ཡོངས་སུ་ཁྱབ་ཡོད།

    སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་དོན་འཁྱོལ་བྱ་རྒྱུ་མཐའ་འཁྱོངས་བྱས་པ་ལས་མཐུན་སྒྲིལ་འཆམ་མཐུན་དང་བརྟན་ལྷིང་ཞི་མཐུན་གྱི་རྣམ་པ་གསར་པ་མངོན་ཞིང་། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ཀྱི་སྲོལ་ཡིག་དང་འཆར་གཞི་བཟོས་ནས་ལག་ལེན་བསྟར་བ་བརྒྱུད། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་དེ་ལྗོངས་དང་། གྲོང་ཁྱེར། རྫོང་། ཤང་། གྲོང་ཚོ། ཁྱིམ་ཚང་། མི་སྒེར་བཅས་ཚང་མར་ཁྱབ་ཡོད། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་མུ་མཐུད་སྐུལ་འདེད་བཏང་སྟེ་སྒྲིག་ཁོངས་སུ་ཚུད་པའི་གྲྭ་བཙུན་ལ་སྨན་བཅོས་འགན་བཅོལ་དང་། རྒན་གསོའི་འགན་བཅོལ། མ་མཐའི་འཚོ་བའི་འགན་ལེན། ཐོལ་བྱུང་གནོད་འཚེའི་འགན་བཅོལ། བདེ་ཐང་བརྟག་དཔྱད་བཅས་ཡོངས་སུ་ཁྱབ་ཡོད།

    འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་རྒྱུ་མཐའ་འཁྱོངས་བྱས་པ་ལས་དར་རྒྱས་གོང་འཕེལ་དང་ཡར་ངོའི་ཟླ་བཞིན་གོང་ནས་གོང་དུ་འཕེལ་བའི་རྣམ་པ་གསར་པ་མངོན་ཞིང་། བོད་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལོ་རེར་ཆ་སྙོམས་8.6%འཕར་ནས་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་བསླེབས་པ་དང་། འདི་ལོའི་ཟླ་དང་པོ་ནས་དགུ་པའི་བར་གྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་འཕར་ཚད་9.8%ཟིན་ནས་རྒྱལ་ཡོངས་ཀྱི་ཨང་དང་པོར་བསླེབས་པ། མཚོ་བོད་དང་། ཁྲོན་བོད། བོད་དབུས། མངའ་རིས་བཅས་ཀྱི“གློག་ཤུགས་མཁའ་ལམ”4ལྗོངས་ཡོངས་ཀྱི་རྫོང་དང་ཆུས་74དང་སྦྲེལ་མཐུད་བྱུང་བ་དང་རླངས་འཁོར་ཤར་གཏོང་ཐུབ་པའི་གཞུང་ལམ་ལམ་ཐག་སྤྱི་ལེ་ཁྲི་12ལས་བརྒལ་ཡོད།

    སྐྱེ་ཁམས་སྔོན་སྤེལ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་པ་ལས་གནམ་སྔོན་དང་། ས་ལྗང་། ཆུ་དྭངས། ཡུལ་མཛེས་བཅས་ཀྱི་རྣམ་པ་གསར་པ་མངོན་ཞིང་། ལྗོངས་ཡོངས་ཀྱི་ནགས་ཚལ་ཁེབས་ཚད་12.31%བར་ཆེ་རུ་ཕྱིན་པ་དང་། རྩྭ་ཐང་ཁེབས་ཚད་47.14%ཟིན་པ། ལྗོངས་ཡོངས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རྒྱ་ཁྱོན་གྱིས་ལྗོངས་ཡོངས་ཀྱི་རྒྱ་ཁྱོན་གྱི་36%ཟིན་པ། སྐྱེ་ཁམས་སྲུང་སྐྱོང་དམར་ཐིག་གིས་ལྗོངས་ཡོངས་ཀྱི་རྒྱ་ཁྱོན་གྱི་50%ཡན་ཟིན་པ། མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་གྲངས་99%ཡན་ཟིན་ཡོད།

    “རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་ཀྱི་དགོངས་པ་མཐའ་འཁྱོངས་བྱས་པ་ལས་མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་ཀྱི་རྣམ་པ་གསར་པ་མངོན་ཞིང་། མཐའ་མཚམས་ཀྱི་རྫོང་21གི་དཔལ་འབྱོར་བསྡོམས་འབོར་དང་གྲོང་མིའི་ཡོང་འབབ་མུ་མཐུད་འཕར་སྣོན་མགྱོགས་པོ་བྱུང་བ་དང་། འབྱོར་འབྲིང་གྲོང་ཚོ་624བསྐྲུན་པ། མཐའ་མཚམས་རྫོང་ཚང་མར་སྣུམ་ནག་ལམ་ཤར་གཏོང་ཐུབ་པ་དང་མཐའ་མཚམས་ཀྱི་ཤང་གྲོང་དང་སྒྲིག་ཚུད་གྲོང་ཚོ་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་པ། གློག་དྲ་གཙོ་བོ་མཐའ་མཚམས་ཀྱི་ཤང་གྲོང་ཚང་མར་སྣུར་སྲིང་བྱས་པ། སྒྲིག་ཚུད་གྲོང་ཚོར་དྲ་ཆེན་ཤར་གཏོང་ཐུབ་ཚད་དང་4Gབརྡ་རྟགས་ཁྱབ་ཚད་100%ཟིན་ཡོད།

    ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་བརྒྱབ་པ་ལས་སེམས་ནུས་གཅིག་སྒྲིལ་དང་སྤྱོད་གཙང་གཞུང་དྲང་གི་རྣམ་པ་གསར་པ་མངོན་ཞིང་། བོད་ལ་ཏང་ཡོན་བསྡོམས་ཁྲི་44.61ཡོད་པ་དང་ཏང་གི་གཞི་རིམ་རྩ་འཛུགས་ཁྲི་2.3ལྷག་ཙམ་ཡོད། བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གིས་རིམ་ཁག་མི་དམངས་འཐུས་ཚོགས་ནང་བཟུང་བའི་བསྡུར་གྲངས་89.2%ཟིན་པ་དང་རིམ་ཁག་སྲིད་གྲོས་ཨུ་ཡོན་ནང་བཟུང་བའི་བསྡུར་གྲངས་85.7%ཟིན་ཡོད།

    གཉིས།

    ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་སྔར་བྱུང་མ་མྱོང་བའི་སྲུང་སྐྱོང་དང་རྒྱུན་འཛིན་ཐུབ་པ།

    དབང་ཧའེ་ཀྲོའུ་ཡིས་ངོ་སྤྲོད་གནང་དོན། བོད་ཀྱིས་ཐོག་མཐའ་བར་གསུམ་དུ་མི་རིགས་ས་ཁུལ་གྱི་ཕུལ་བྱུང་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་བར་ཕན་པའི་མཛད་ཕྱོགས་སྲིད་ཇུས་རབ་དང་རིམ་པར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་པས། བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་སྔར་བྱུང་མ་མྱོང་བའི་སྲུང་སྐྱོང་དང་རྒྱུན་འཛིན་བྱུང་ཡོད།

    མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་བྱས་པར་ཕན་འབྲས་གཟེངས་སུ་ཐོན་པ་ཐོབ་ཅིང་། 2012ལོ་ཚུན། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་3.25བཏང་ནས་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱ་གཞག་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པ་དང་། 《གླིང་སྒྲུང》དང་། ལྷ་མོ། བོད་ལུགས་གསོ་རིག་དང་བོད་སྨན་གྱི་ལུམ་བཅོས་སོགས་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས་ཀྱི་མིང་གཞུང་དུ་བཅུག་པ། ལྗོངས་ཡོངས་སུ་རིམ་པ་ཁག་དང་རིགས་ཁག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་2800དང་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་1668ཡོད་པ། རྒྱལ་ཁབ་རིམ་པའི་ཐོན་སྐྱེད་རང་བཞིན་གྱི་སྲུང་སྐྱོང་དཔེ་སྟོན་རྟེན་གཞི་4དང་རང་སྐྱོང་ལྗོངས་རིམ་པའི་ཐོན་སྐྱེད་རང་བཞིན་གྱི་སྲུང་སྐྱོང་དཔེ་སྟོན་རྟེན་གཞི་12གཏན་འཁེལ་བྱས་པ། མངོན་མིན་རིག་གནས་ཤུལ་བཞག་གི་ཁྱད་ལྡན་རྫོང་དང་། ཤང་། གྲོང་ཚོ་བཅས་8དང་། མངོན་མིན་རིག་གནས་ཤུལ་བཞག་གི་ཡུལ་སྐོར་མཛེས་ལྗོངས་ཁུལ(ས་ཚིགས)19 མངོན་མིན་རིག་གནས་ཤུལ་བཞག་ཁྲིད་སྦྱོང་རྟེན་གཞི་159 དམངས་ཁྲོད་ལྷ་མོ་རུ་ཁག་153བཅས་ལ་མིང་བཏགས་པ། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་བེད་སྤྱོད་སྒྲིག་བཀོད་རྣམ་གྲངས་10བསྐྲུན་པ། ལྗོངས་ཡོངས་སུ་མངོན་མིན་རིག་གནས་ཤུལ་བཞག་གི་བཟོ་ཁང་173བཙུགས་པ་ལས་མངོན་མིན་རིག་གནས་ཤུལ་བཞག་སྟབས་བསྟུན་རྒྱུན་འཛིན་དེ་ཁེར་རྐྱང་ནས་ཚོགས་སྤྱི་བར་དུ་འཕེལ་རྒྱས་བྱུང་ཡོད།

    སྤྱི་པའི་རིག་གནས་སྒྲིག་བཀོད་འཛུགས་སྐྲུན་ཐད་རང་སྐྱོང་ལྗོངས་དང་། གྲོང་ཁྱེར(ས་ཁུལ)རྫོང(ཆུས) ཤང(གྲོང་རྡལ) གྲོང་ཚོ(གྲོང་ལྷན)བཅས་རིམ་ལྔའི་སྤྱི་པའི་རིག་གནས་སྒྲིག་བཀོད་དྲ་བ་གཞི་རྩའི་ཆ་ནས་བསྐྲུན་ཟིན་པ་དང་། གྲོང་ཁྱེར(ས་ཁུལ)དུ་དཔེ་མཛོད་ཁང་དང་། མང་ཚོགས་སྒྱུ་རྩལ་ཁང་། རྟེན་མཛོད་ཁང་བཅས་ཡོད་པ། རྫོང(ཆུས)ལ་ཕྱོགས་བསྡུས་རིག་གནས་བྱེད་སྒོའི་ལྟེ་གནས་ཡོད་པ། ཤང(གྲོང་རྡལ)ལ་ཕྱོགས་བསྡུས་རིག་གནས་བྱེད་སྒོའི་ས་ཚིགས་ཡོད་པ། གྲོང་ཚོ(གྲོང་ལྷན)ལ་རིག་གནས་བྱེད་སྒོ་ཁང་ཡོད་པ། རིག་རྩལ་འཁྲབ་སྟོན་རུ་ཁག་5492བཙུགས་ནས་སྲིད་འཛིན་གྲོང་ཚོ་ཡོངས་སུ་ཁྱབ་པར་བྱས་ཡོད།

    རིག་དངོས་སྲུང་སྐྱོང་དང་བེད་སྤྱོད་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་ཐེབས་ཤིང་། རྒྱལ་ཁབ་ཀྱིས་སྔ་རྗེས་སུ་མ་དངུལ་སྒོར་དུང་ཕྱུར་4ཙམ་བཏང་ནས་ཕོ་བྲང་པོ་ཏ་ལ་དང་། ནོར་བུ་གླིང་ཁ། ས་སྐྱ་དགོན་བཅས་བོད་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཉམས་གསོའི་ལས་གྲྭ་ཆེན་པོ་གསུམ་ལག་བསྟར་བྱས་ཡོད། མིག་སྔར་རང་སྐྱོང་ལྗོངས་ལ་འཛམ་གླིང་རིག་གནས་ཤུལ་བཞག་ཁག་3དང་། རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ་70 རང་སྐྱོང་ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོང་ཚན་པ་616བཅས་ཡོད། རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར་6.6བཏང་ནས་བོད་ལྗོངས་རྟེན་མཛོད་ཁང་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭ་ལག་ལེན་བསྟར་ཏེ་རིག་དངོས་སྲུང་སྐྱོང་བྱེད་རྣམ་ཇེ་ལེགས་སུ་བཏང་ཡོད།

    ལྗོངས་ཡོངས་ཀྱི་གནའ་དཔེ་ཡོངས་བཤེར་བེད་སྤྱོད་གཞི་རྩའི་ཆ་ནས་ལེགས་གྲུབ་བྱུང་ཞིང་། ས་གནས་དང་གྲོང་ཁྱེར་ཁག་གི་ཉར་ཚགས་ཚན་པ་1160དང་མི་སྒེར་གྱི་གནའ་དཔེ་ཡོངས་བཤེར་ཐོ་འགོད་ལས་འགན་གཞི་རྩའི་ཆ་ནས་ལེགས་གྲུབ་ཟིན་པ་དང་ཡོངས་བཤེར་གྱི་སྤྱི་འབོར་ཁྲི་1.37ལྷག་ཙམ་ཟིན་པ་དང་ཆབས་ཅིག པར་བླངས་དཔེ་དབྱིབས་པར་གཞི་ཁྲི་6.9ལྷག་ཙམ་བཟོས་པ་བརྒྱུད་རང་སྐྱོང་ལྗོངས་ཀྱི་གནའ་དཔེ་སྲུང་སྐྱོང་ལྟེ་གནས་ཀྱིས་གཙོ་བོར་བྱས་པ་དང་། ས་ཁུལ་དང་། གྲོང་ཁྱེར་། རྫོང་བཅས་ཀྱི་རིག་གནས་སྡེ་ཚན་དང་། ཉར་ཚགས་ཚན་པ། མི་སྒེར་བཅས་ཐེ་ཞུགས་བྱེད་པོར་བྱས་པའི་གནའ་དཔེ་ཡོངས་བཤེར་དང་སྲུང་སྐྱོང་དྲ་བའི་མ་ལག་ཅིག་རགས་ཙམ་ཆགས་ཡོད། ལྗོངས་ཡོངས་སུ་གནའ་དཔེ་རྩ་ཆེན་ཁག་291《རྒྱལ་ཁབ་ཀྱི་གནའ་དཔེ་རྩ་ཆེན་གྱི་མིང་གཞུང》དུ་བཅུག་པ་དང་གནའ་དཔེ་ཉར་ཚགས་ཚན་པ་4“རྒྱལ་ཡོངས་ཀྱི་གནའ་དཔེ་གཙོ་གནད་སྲུང་སྐྱོང་ཚན་པར”ཚུད་ཡོད།

    གསུམ།

    སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས་ལྗང་མདོག་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པ།

    བོད་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་རེད། “འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། བོད་ཀྱི་རང་བྱུང་སྲུང་སྐྱོང་བྱེད་གནས་མ་ལག་འཛུགས་རྒྱུ་དེ་དུས་མཚམས་གསར་པར་བསླེབས་པ་དང་། སྲུང་སྐྱོང་ཁུལ་གྱི་གྲངས་འབོར་དང་སྤྱིའི་རྒྱ་ཁྱོན་ཇེ་ཆེར་ཕྱིན་པ། ས་མཐོའི་སྐྱེ་དངོས་སྣ་མང་རང་བཞིན་རིམ་བཞིན་མང་དུ་ཕྱིན་པ། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་པ། སྡོད་མལ་ཁོར་ཡུག་གི་གནས་ཚུལ་མུ་མཐུད་ལེགས་སུ་ཕྱིན་པ། ཕུན་སུམ་ཚོགས་པའི་སྐྱེ་ཁམས་ཐོན་ཁུངས་དེ་ཉིད་ས་གནས་དེ་གའི་མང་ཚོགས་ཀྱིས་མཐོང་ཐུབ་པ་དང་སྲུང་ཐུབ་པའི‘བདེ་སྐྱིད་ལྡན་པའི་གཏན་འཇགས་རྒྱུ་ནོར’ལ་གྱུར་པ། ལྗང་མདོག་ཐཱན་ཉུང་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་དམངས་ཕྱུག་མཐའ་དར་གྱི་ཕྱུག་འགྱུར་གྱི་ལམ་བུ་དང་། བདེ་སྐྱིད་ཀྱི་ལམ་བུ། མཛེས་སྡུག་གི་ལམ་བུ་བཅས་ལ་གྱུར་ཡོད”ཅེས་ཝང་ཀང་གིས་གསུངས་པ་རེད།

    ཡོངས་བསྒྲགས་ཚོགས་འདུའི་ཐོག་ཞུས་ཀྲི་ཐའོ་ཡིས། བོད་ཀྱིས་ཁོར་ཡུག་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་ཇི་ལྟར་བྱས་པའི་སྐོར་ངོ་སྤྲོད་ཞིབ་ཕྲ་གནང་བ་སྟེ།

    སྐྱེ་ཁམས་སྔོན་ལ་འཇོག་པའི་འདུ་ཤེས་བརྟན་པོར་བཙུགས་ཤིང་། རང་སྐྱོང་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གསར་གཏོད་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་འཛུགས་གཏོད། མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་མགྱོགས་མྱུར་འཛུགས་སྐྲུན་སོགས་ཀྱི་བཀོད་སྒྲིག་གལ་ཆེན་བྱས་པ་དང་། 《བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་སྲོལ་ཡིག》སོགས་ས་གནས་རང་བཞིན་གྱི་ཁོར་ཡུག་སྲུང་སྐྱོང་ཁྲིམས་སྲོལ་10ལྷག་ཙམ་ཡོངས་བསྒྲགས་སུ་ལག་ལེན་བསྟར་ནས་ལྗང་མདོག་འཕེལ་རྒྱས་དང་། འཁོར་རྒྱུག་འཕེལ་རྒྱས། ཐཱན་ཉུང་འཕེལ་རྒྱས་བཅས་ལ་རང་རྟོགས་ངང་སྐུལ་འདེད་བཏང་ཡོད།

    སྐྱེ་ཁམས་སྲུང་སྐྱོང་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ཞིང་། ཐོན་ལས་འཇུག་འཐུས་ཀྱི་བཀག་རྒྱའི་གསལ་ཐོ་དང་། ཆུའི་ཐོན་ཁུངས་དོ་དམ། རྨོ་ཞིང་གི་དམར་ཐིག་དང་གཞི་རྩའི་རྩྭ་ར་སྲུང་སྐྱོང་བཅས་ཀྱི་བླང་བྱ་དོན་འཁྱོལ་བྱས་པ་དང་། སྦགས་བཙོག་ཆེ་བ་དང་། ནུས་རྒྱུ་ཟད་གྲོན་ཆེ་བ། བཙོག་འབུད་ཆེ་བ་བཅས་ཀྱི་རྣམ་གྲངས་བོད་དུ་སྤེལ་རྒྱུ་བཀག་འགོག་ནན་པོ་བྱས་པ། ཁོར་ཡུག་སྲུང་སྐྱོང་ལ“སྤ་སེ་གཅིག་གིས་ཁྲུ་སློག་པའི”ལམ་ལུགས་ལག་ལེན་བསྟར་བ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དམིགས་ཚད་གདེང་འཇོག་དཔྱད་ཞིབ་དང་། རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་ལས་བྲལ་རྩིས་བཤེར། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ། སྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་བཏང་བའི་འགན་འཁྲི་བདའ་འདེད་སོགས་ཀྱི་ལམ་ལུགས་ལག་ལེན་བསྟར་ཡོད།

    སྐྱེ་ཁམས་ལས་གྲྭ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ཞིང་། “གཙང་པོ་གཉིས་དང་ཆུ་བོ་བཞི”འབབ་རྒྱུད་ཀྱི་ནགས་བཟོའི་ལས་གྲྭ་ལག་ལེན་བསྟར་ཏེ། ཆ་རྐྱེན་ཡོད་པའི་ས་གནས་སུ་དུད་ཚང་དང་གྲོང་ཚོ་ཚང་མར་སྐྱེ་ཤིང་ཡོད་པར་བྱེད་པ་དང་། རླུང་ཁམས་ཆེ་མོ་དང་། ཆུ། ས་རྒྱུ་བཅས་ཀྱི་སྦགས་བཙོག་འགོག་བཅོས་ཀྱི་བྱ་སྤྱོད་འཆར་གཞི་ལག་ལེན་གཏིང་ཟབ་བསྟར་བ། གཙོ་གནད་ས་ཁུལ་གྱི་ས་ཆུ་ཤོར་བ་དང་། བྱེ་འགྱུར་ས་ཞིང་། ཞན་འགྱུར་འདམ་ར་བཅས་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་བ། རྨོ་བསྐྱུར་ནགས་གསོ་དང་། སྐྱས་སྤོས་རྩྭ་གསོ། མི་ཐབས་རྩྭ་འདེབས་སོགས་ཀྱི་ལས་གྲྭ་ལག་ལེན་བསྟར་བ། ལྗང་མདོག་དྭངས་གཙང་ཐོན་སྐྱེད་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ། ཐོན་ལས་སྐྱེ་ཁམས་ཅན་དང་སྐྱེ་ཁམས་ཐོན་ལས་ཅན་ལ་སྐུལ་འདེད་བཏང་བ། སྐྱེ་ཁམས་དཔལ་འབྱོར་དང་ཐཱན་བསྡུའི་དཔལ་འབྱོར་འཕེལ་རྒྱས་བཏང་ཡོད།

    “ལོ་ངོ་མང་པོའི་རིང་། ‘འཛམ་གླིང་ཡང་རྩེ’ཞེས་པའི་མཚོ་བོད་ས་མཐོར་འཚོ་བའི་བོད་ཀྱི་མི་དམངས་ལ་རང་བྱུང་ལ་གུས་སྐྲག་དང་། རང་བྱུང་ལ་བརྩི་འཇོག རང་བྱུང་སྐྱེ་ཁམས་དང་ཞི་མཐུན་མཉམ་གནས་བཅས་ཀྱི་བསམ་བློའི་འདུ་ཤེས་དང་འཚོ་བ་སྐྱེལ་སྟངས་ཤིག་ཆགས་ཡོད། ཏང་ཀྲུང་དབྱང་གིས་སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་མ་ཟད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བོད་ཀྱི་ལས་དོན་གྱི‘དོན་ཆེན་བཞིའི’གྲས་ཤིག་ཏུ་བརྩི་དགོས་པའི་ནན་བཤད་ཀྱང་བྱས་ཡོད། དེ་གོ་བདེར་བརྗོད་ན་ང་ཚོའི་ཉམས་མྱོང་ནི་ཕུལ་བྱུང་སྲོལ་རྒྱུན་ལ་གཅེས་སྤྲས་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་དེ་ཡིན”ཞེས་ཞུས་ཀྲི་ཐའོ་ཡིས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།