དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “རྒྱ་ཆེའི་མི་དམངས་མང་ཚོགས་ནི་བོད་འཕེལ་རྒྱས་དང་ཡར་ཐོན་ལས་ཕན་པ་དངོས་ཐོབ་མཁན་དེ་རེད”

    བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་པད་མ་མཚོར་བཅར་འདྲི་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-11-14

    “རྒྱབ་ཤ་དཀར་པོའི་དེབ་ནང་ཞིབ་ཅིང་ཕྲ་བ་དང་བདེན་པ་བདེན་ཐུབ་ཀྱི་གྲངས་གཞི་དང་དོན་དངོས་མང་པོར་བརྟེན་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་སྣེ་ཁྲིད་འོག བོད་ཀྱི་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་བརྒྱུད་རིམ་ལྡན་པའི་ངང་ཕྱོགས་སྡོམ་བྱས་ཡོད”ཅེས་ཟླ་11ཚེས་10ཉིན《དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ལག་ལེན་དང་དེའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས》ཀྱི་རྒྱབ་ཤ་དཀར་པོའི་དེབ་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུར་ཞུགས་སྐབས་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་པད་མ་མཚོས་མྱོང་ཚོར་ཟབ་མོས་བརྗོད་ཅིང་། ཁོང་གིས“ཉེ་འགྲམ་གྱི་མཐོང་ཐོས་དང་ཟུང་འབྲེལ་བྱས་ཏེ་རྒྱ་ཆེའི་མི་དམངས་མང་ཚོགས་ནི་བོད་འཕེལ་རྒྱས་དང་ཡར་ཐོན་ལས་ཕན་པ་དངོས་ཐོབ་མཁན་ཡིན་པ་མྱོང་ཚོར་ཟབ་མོ་བྱུང”ཞེས་བརྗོད།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་འཐུས་མི་ཞིག་ཡིན་པའི་པད་མ་མཚོར་རྒྱབ་ཤ་དཀར་པོའི་དེབ་ནང་ངོ་སྤྲོད་བྱས་པའི“མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་གང་ལེགས་མངོན་པ”དང“རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་ཁེ་དབང་གང་ལེགས་སྤྱོད་པའི”ཐད་མྱོང་ཚོར་ཟབ་མོ་བྱུང་ཡོད། ཁོང་གིས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་རིང་། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་ཐད་བཏོན་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ནུས་པ་དང་སྟོབས་ཤུགས་ལ་ངོས་འཛིན་སྔར་བས་ཟབ་ཏུ་ཕྱིན་སོང་ཞེས་བརྗོད། ཚོགས་འདུ་གྲོལ་རིང་། ཁོང་ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་ལས་དོན་ནང་ཧུར་ཐག་ཞུགས་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་དེ་བཞིན་ཁོང་གནས་སའི་ཚན་པས་ཁོང་ལ་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་འགན་ལེན་ནུས་ལྡན་བྱས་ཡོད། མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་གྲོལ་རིང་གི་འཐུས་མིའི་འགན་འཁྲི་སྒྲུབ་པའི་བྱེད་སྒོ་རྒྱུན་གཏན་ཅན་དང་། ཚད་ལྡན་ཅན། ལམ་ལུགས་ཅན་བཅས་སུ་འགྱུར་བ་ཁོང་ལ་སླར་ཡང་མྱོང་ཚོར་བྱུང་ཡོད།

    རྒྱབ་ཤ་དཀར་པོའི་དེབ་ནང་ངོ་སྤྲོད་བྱས་དོན། དུས་རབས་གསར་པར་བོད་ཀྱི་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་དང་ལེགས་སུ་ཕྱིན་པ་དང་། སྤྱི་ཚོགས་ཀྱི་བྱ་གཞག་ཁག་ཕྱོགས་ཡོངས་ནས་ཡར་རྒྱས་ཕྱིན་པ། རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་གཞི་རྩའི་ཆ་ནས་བསྐྲུན་ཟིན་ཡོད། དེའི་ཐད་པད་མ་མཚོས་ཀྱང་གསར་འགོད་པར་གཞི་རིམ་ནས་མིག་མཐོང་ལག་ཟིན་བྱུང་བའི་གཏམ་རྒྱུད་ངོ་མ་བཤད་བྱུང་།

    “མིའི་རིགས་རིག་པའི་ཞིབ་འཇུག་པ་ཞིག་ཡིན་པའི་ངོས་ནས་ངས་འབྲོག་ཁུལ་དུ་དུས་ཡུན་རིང་པོར་མིའི་རིགས་རིག་པའི་ཡུལ་དངོས་བརྟག་དཔྱད་བྱེད་མྱོང་ཡོད། ངའི་ཞིབ་འཇུག་གི་ནང་དོན་གྲས་ནི་བོད་ཀྱི་འབྲོག་ཁུལ་དུ་རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་ལག་ལེན་བསྟར་བ་དེ་ཡིན”ཞེས་པད་མ་མཚོས་བརྗོད། ཁོང་གིས“ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་གི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་སུ་ཡུལ་དངོས་བརྟག་དཔྱད་བྱེད་སྐབས་ལོ་92ལ་སླེབས་པའི་རྒན་མོ་བཟང་མོས་རང་ཉིད་ལ་ཕྲུ་གུ་མེད་ལ་རྒྱུན་དུ་འགྲོ་འོང་བྱེད་སའི་གཉེན་ཉེ་ཡང་མེད་པས། གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་ལ་མ་ཡོང་གོང་ཁོང་གི་རྒྱུན་གཏན་འཚོ་བར་དཀའ་ངལ་ཧ་ཅང་མང་པོ་འཕྲད་མྱོང་བ་དང་། གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་སུ་སླེབས་རྗེས་དཀའ་ངལ་དེ་དག་ཚང་མ་མེད་ལུགས་བརྗོད། རྒན་རྒོན་ཚོའི་ཟ་སྡོད་དང་སྨན་བཅོས་ཀྱི་འགྲོ་གྲོན་ཚང་མ་མི་དགོས་པ་མ་ཟད། ད་དུང་ལོ་གསར་དང་དུས་ཆེན་སྐབས་མཉམ་དུ་ཁ་ལག་བཟས་ནས་མཉམ་སྤྲོ་བྱེད་ཀྱི་ཡོད་ལ། ད་དུང་ཁོང་ཚོར་གྱོན་གོས་ཀྱང་སྤྲོད་ཀྱི་ཡོད། གཅིག་སྡུད་སྙེན་བཀུར་ལྟེ་གནས་ཀྱིས་ད་དུང་བཟང་མོ་དང་འདྲ་བའི་ལོ་ན་མཐོ་བའི་རྒོན་རྒོན་ལ་ཆེད་བསྐོས་ནད་གཡོག་བཀོད་སྒྲིག་བྱས་ནས་ཁོང་ཚོའི་འཚོ་བར་འགན་འཁུར་དུ་འཇུག་གི་ཡོད”ཅེས་བརྗོད།

    པད་མ་མཚོས། རྒན་མོ་བཟང་མོ་དང་ཁོང་གི་རོགས་པ་ཚོར་ལོངས་སྤྱོད་བྱ་རྒྱུ་བྱུང་བའི་རྒན་གསོའི་ཕན་བདེའི་སྲིད་ཇུས་དེ་2015ལོ་ནས་ལག་བསྟར་བྱེད་འགོ་ཚུགས་ཤིང་། དེ་དུས་བོད་ནི་རྒྱལ་ཡོངས་སུ་འདོད་མཐུན་གྱི་འགན་ལེན་ལྔ་བྱ་ཡུལ་གྱི་གཅིག་སྡུད་བསྙེན་བཀུར་མངོན་འགྱུར་བྱུང་བའི་ཞིང་ཆེན་སྔ་ཤོས་ཡིན་ཞེས་ངོ་སྤྲོད་བྱས། 2021བར་རིམ་རྩིས་བྱས་ན། ཀྲུང་དབྱང་དང་བོད་རང་སྐྱོང་ལྗོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར་30ཙམ་བཏང་ནས་ལྗོངས་ཡོངས་ཀྱི་རྫོང་ཚང་མར་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་80བཙུགས་ཤིང་། སྲིད་ཇུས་དེས་བོད་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་དང་། དབང་པོ་སྐྱོན་ཅན། མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་རྒན་རྒོན། འཆར་ལྡན་བུ་བཙའི་ཁེར་ཕྲུག་འདས་པའི་རྒན་རྒོན། གཙོ་གནད་གཟིགས་སྐྱོང་བྱ་ཡུལ་རྒན་རྒོན། གྲོང་གསེབ་ཀྱི་གཞིས་སྲུང་རྒན་རྒོན། ལོ་70ཡན་གྱི་གཞིས་སྲུང་རྒན་རྒོན་བཅས་ཁྲི་6ལྷག་ཙམ་ལ་ཕན་པ་ཐོབ་ཡོད། གཞན་ཡང་། གྲོང་ཁྱེར་དང་གྲོང་རྡལ་དུ་གཅིག་པུར་འཚོ་བ་སྐྱེལ་བ་དང་ངལ་ནུས་ཤོར་བའི་རྒན་རྒོན་རྣམས་ལ་སྲིད་གཞུང་གིས་ཉོ་སྒྲུབ་བྱས་པའི་ཕྱོགས་གསུམ་པའི་སྒྲིག་གཞིར་བརྟེན་ནས་རོགས་རམ་འཐོབ་ཀྱི་ཡོད། མིག་སྔར་བོད་ཀྱི་རྒན་གསོའི་ཞབས་ཞུའི་སྒྲིག་གཞི་དང་སྒྲིག་བཀོད་སྣ་ཚོགས་145དང་ཉལ་ཁྲི་ཁྲི་1.3ཟིན་ཡོད། རྒན་གསོའི་ཞབས་ཞུའི་ཁ་གསབ་དང་། ངལ་ནུས་ཤོར་བའི་རྒན་རྒོན་གྱི་བདག་སྐྱོང་ཁ་གསབ། དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་ལོ་ན་བགྲེས་པའི་ངལ་ནུས་ཤོར་བའི་ཁ་གསབ་སོགས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་བས་རྒན་རྒོན་ཁྲི་6.7ཙམ་ལ་ཕན་པ་ཐོབ་ཡོད་པ་རེད།

    “འདི་ལོའི་ཚོགས་འདུ་གཉིས་གྲོལ་རྗེས་ངས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ངོས་ནས་བོད་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་དྲག་སྐྱེད་ཞབས་ཞུ་ལྟེ་གནས་སུ་བསྐྱོད་ནས་བརྟག་ཞིབ་བྱས་པ་ཡིན” ལྟེ་གནས་འདིས་ལོ་རེ་བཞིན་ལྗོངས་ཡོངས་ཀྱི་རྐང་ལག་མ་ཚང་བའི་དབང་པོ་སྐྱོན་ཅན་ལ་རྐང་ལག་རྫུན་མ་400ནས་500བར་བཟོ་རོགས་བྱས་ཤིང་། ཏང་དང་སྲིད་གཞུང་གིས་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་དང་དབང་པོ་སྐྱོན་ཅན་ཚབས་ཆེན་གྱི་བདག་སྐྱོང་ཁ་གསབ་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་བ་མ་ཟད། 2012ལོ་ཚུན་རིམ་རྩིས་བྱས་ན་ཁ་གསབ་ཁག་གཉིས་ཏེ་སྒོར་དུང་ཕྱུར་10ཙམ་སྤྲད་ནས་དབང་པོ་སྐྱོན་ཅན་མི་ཐེངས་ཁྲི་80ལྷག་ཙམ་ལ་ཕན་པ་ཐོབ་ཡོད། མིག་སྔར་ལོ་16ནས་59བར་གྱི་ལས་ཞུགས་ལོ་ཚད་ཟིན་པའི་ལག་ཁྱེར་ཡོད་པའི་དབང་པོ་སྐྱོན་ཅན་15789ལས་ཞུགས་ཐུབ་པ་དང་། སློབ་ལོ་རན་པའི་དབང་པོ་སྐྱོན་ཅན་ལོ་ཆུང་གཞོན་ནུའི་འོས་འགན་སློབ་གསོ་བཀོད་སྒྲིག་བྱེད་ཚད་97.15%ཟིན་ཡོད། དེ་དང་ཆབས་ཅིག དབང་པོ་སྐྱོན་ཅན་གྱི་ཁེ་དབང་ལ་འགན་ལེན་ནུས་ལྡན་ཐོབ་པ་དང་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་དང་དབང་པོ་སྐྱོན་ཅན་ཚབས་ཆེན་གྱི་བདག་སྐྱོང་ཁ་གསབ་ཀྱི་ཚད་གཞི་མཐོ་རུ་དང་གཞི་ཁྱོན་ཆེ་རུ་ཕྱིན་ནས་ཁ་གསབ་ཁག་གཉིས་སོ་སོར་སྒོར་100བར་དང་སྒོར་200བར་མང་དུ་བཏང་ཡོད་ཅེས་པད་མ་མཚོས་ངོ་སྤྲོད་བྱས་པ་རེད།

    “གཏམ་རྒྱུད་འདི་དག་ནི་རྒྱབ་ཤ་དཀར་པོའི་དེབ་ཀྱི་ནང་དོན་ཇི་མ་ཇི་བཞིན་མཚོན་པ་ཞིག་རེད། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་སྣེ་ཁྲིད་འོག་བོད་ཀྱི་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་དང་ཡར་རྒྱས་བྱུང་བ་དང་། རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་སྤྱིར་ན་བསྐྲུན་ཟིན་ནས་བོད་ཀྱི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་སྟེ་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད”ཅེས་པད་མ་མཚོས་བཤད་ཅིང་། ཁོང་གིས“རྒྱབ་ཤ་དཀར་པོའི་དེབ་ནང་གི་ཞིབ་ཅིང་བདེན་པའི་གྲངས་གཞི་དང་གསོན་ཉམས་དོད་པའི་དོན་དངོས་ལས་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དེ་བོད་དུ་གཏན་ནས་སླེབས་མ་མྱོང་བ་དང་ཆབ་སྲིད་ཀྱི་ཕྱོགས་ཞེན་གྱིས་རྐང་བཙུགས་ནས་བོད་ཀྱི་འཕེལ་རྒྱས་གནས་ཚུལ་འཁྱོག་བཤད་བྱེད་མཁན་དག་གི་ངོས་ནས་བརྗོད་ན། རྒོལ་ལན་ནུས་ལྡན་བསློགས་པ་ཞིག་རེད”ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།