མི་རིགས་མཐུན་སྒྲིལ་ཡོང་བར་ཕན་ཚུན་ཡིད་ཆེས་བྱ་རྒྱུ་གཙོ་གནད་དུ་འཛིན་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མི་རིགས་མཐུན་སྒྲིལ་ཡོང་བར་ཕན་ཚུན་ཡིད་ཆེས་བྱ་རྒྱུ་གཙོ་གནད་དུ་འཛིན་དགོས་པ་དང་། རང་སར་གཞན་འཇོག་དང་སེམས་ནུས་གཞན་ལ་འདོན་དགོས”ཞེས་གསུངས་ཡོད་པས། སེམས་པ་མཐུན་ན་བརྩེ་སེམས་མཉམ་འདྲེས་ཡོང་བ་དང་། འདུན་པ་གཅིག་ན་སྟོབས་ཤུགས་གཅིག་ཏུ་གནས་ཐུབ། དེ་ཡང་མི་རིགས་ཁག་གི་མི་དམངས་དབར་ཕན་ཚུན་རྒྱུས་མངའ་དང་། ཕན་ཚུན་བརྩི་འཇོག ཕན་ཚུན་མྱོང་རོལ། ཕན་ཚུན་སློབ་སྦྱོང་། ཕན་ཚུན་རོགས་རམ་བཅས་བྱས་ཚེ་གཞི་ནས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་ཐུབ་ལ། མི་རིགས་ཁག་གི་མི་དམངས་ཚོའི་སེམས་པ་ཡང་གཅིག་ཏུ་སྒྲིལ་ཐུབ།
དགའ་ཉེ་སྤུན་མཆེད་དབར་ཇི་སྲིད་འབྲེལ་འདྲིས་མང་ཙམ་བྱས་ན་དེ་སྲིད་གཉེན་ཉེའི་བརྩེ་བ་ཟབ་ཏུ་འགྲོ་བ་ནི་ཀུན་གྱི་ཤེས་གསལ་ལྟར་མི་རིགས་ཁག་གི་མི་དམངས་དབར་ལ་ཡང་ཕན་ཚུན་གྲོགས་པོ་ངོ་མ་སྒྲིག་ནས་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་སྦྲེལ་བཅས་བྱས་ཚེ་མི་རིགས་ཁག་དབར་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་བྱུང་ནས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་མངོན་རྒྱུར་ཡོང་ཐུབ། རྒྱུན་ལྡན་འཚོ་བའི་ཁྲོད་ང་ཚོ་ཚང་མས་ཕ་རོལ་པོའི་མིང་བློ་ལ་ངེས་པ་ནས་འགོ་ཚུགས་ཏེ་ཕན་ཚུན་གྱི་ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་བྱེད་པ་དང་། ཕན་ཚུན་སེམས་ཁུར། ཕན་ཚུན་རོགས་རམ། ཕན་ཚུན་ཡིད་ཆེས་བཅས་བྱས་ཚེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་དེ་གངས་ལྗོངས་ས་མཐོར་རྒྱུན་དུ་བཞད་ཐུབ།
རིམ་ཁག་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་དུས་རྒྱུན་གྱི་ལས་དོན་ཁྲོད་ལྷག་བསམ་རྣམ་དག་གིས་ཕན་ཚུན་ཉམས་མྱོང་སྤེལ་རེས་དང་འཆམ་མཐུན་གྱི་ལས་ཀའི་རྣམ་པ་སོགས་བྱ་སྤྱོད་དངོས་ཀྱི་ཐོག་ནས་རང་ཉིད་ཀྱི་མིག་འབྲས་ལ་གཅེས་སྤྲས་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་དང་། རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་མཐོང་ཆེན་དང་། མི་རིགས་ཁག་གི་མང་ཚོགས་རྣམས་སྤུན་མཆེད་ལྟ་བུར་བརྩིས་ནས་མང་ཚོགས་ཀྱི་ཁྱིམ་དུ་མང་ཙམ་བསྐྱོད་པ་དང་མང་ཚོགས་ཀྱི་དཀའ་ངལ་ཤེས་རྟོགས་བྱེད་པ་སོགས་དམ་པ་དོན་གཉེར་གྱི་དོན་དངོས་མང་ཙམ་སྒྲུབ་ནས་མི་རིགས་ཁག་གི་མང་ཚོགས་རྣམས་ལ་དོན་ངོ་མའི་བརྩེ་སེམས་ཚོར་ཐུབ་པ་བྱེད་དགོས།
(བོད་རང་སྐྱོང་ལྗོངས་དྲ་འཕྲིན་གཞུང་ལས་ཁང་། ལྷག་པ་བུ་ཁྲིད)