དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མི་ཚེ་མིག་མངས་འགྲིག་སྐོར་གཅིག་དང་འདྲ། འབྲས་བུ་འབྱུང་མིན་བརྩོན་འགྲུས་བྱེད་ལ་ཐུག

    —— ཨེ་ཤེ་ཡའི་དབང་སྐྱོན་ལུས་རྩལ་འགྲན་ཚོགས་ཀྱི་མཚོ་སྔོན་གྱི་དབང་སྐྱོན་མིག་མངས་རྩེ་མཁན་ཞེ་ཧའེ་ཐའོ་ཡི་སྐོར་བཀོད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-11-13

    གལ་ཏེ་མི་ཚེ་མིག་མངས་འགྲིག་སྐོར་གཅིག་ཡིན་པའི་དབང་དུ་བཏང་ཚེ། མཐོང་དཀོན་པའི་ནད་གཞི་ཕོག་པའི་ཞེ་ཧའེ་ཐའོ་ཡིས་ཐབས་སྡུག་ཤོས་ནས་འགོ་བརྩམས་པར་ཐེ་ཚོམ་མེད།

    སྤྱི་ལོ་ཉིས་སྟོང་ལོར་སྐྱེས་པའི་ཧའེ་ཐའོ་ལོ་གཅིག་ལ་སླེབས་སྐབས་རྒྱུངས་པའི་རང་བཞིན་གྱི་ཤ་གནད་འཁུམ་པའི་ནད་(SMA)ཕོག་པར་གཏན་འཁེལ་བྱས། དེ་ནི་རྒྱུད་ཀྱི་དབང་རྩའི་ཤ་གནད་རིགས་ཀྱི་མཐོང་དཀོན་པའི་ནད་གཞི་ཞིག་ཡིན་ལ་ཀྲུང་གོའི་སྐྱེས་མ་ཐག་པའི་ཕྲུ་གུར་ནད་གཞི་དེ་ཕོག་ཚད་1/6000ནས་1/10000བར་རེད། དེང་སང་ཡང་SMAནི་སྔར་བཞིན་བཅོས་ཐབས་མེད་པའི་ནད་གཞི་ཞིག་ཡིན་པས། སྨན་བཅོས་ཚད་ལྡན་དུས་ཡུན་རིང་པོ་བྱེད་དགོས་ཀྱི་ཡོད།

    དང་ཐོག་ས་ལ་ཡང་སེ་འགྱེལ་བ་དང་དེ་ནས་རིམ་བཞིན་སྡུག་ཏུ་ཕྱིན་ནས་འགྲོ་ཡང་ཐུབ་ཀྱི་མི་འདུག ཆུང་དུས་འགྲོ་ཐུབ་ཀྱི་ཡོད། སྐབས་དེ་དུས་བཅོས་ཐབས་ཡག་པོ་དེ་ཙམ་མེད་པས་སྨན་གཏོང་བ་ཕུད་དྲག་སྐྱེད་ཀྱི་སྦྱོང་བརྡར་བྱེད་པ་ཙམ་རེད། ང་རང་ལ་ནད་གཞི་འདི་ཕོག་རྗེས་ཨ་མས་ལས་ཀ་རྩ་དགོངས་ཞུས་ནས་ཁྱིམ་དུ་ང་ལ་ལྟ་སྐྱོང་བྱེད་ཀྱི་ཡོད། དེ་ཡང་སྐབས་དེ་དུས་ཀྱི་ཨ་མའི་ངོས་ནས་བརྗོད་ན་དཀའ་ཚེགས་ཆེ་བའི་གདམ་ག་ཞིག་ཡིན་སྲིད། ཕ་མ་གཉིས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། ཁོང་གཉིས་ཀྱིས་དཀའ་སྡུག་ཆེན་པོ་མྱངས་སོང་ཞེས་ཧའེ་ཐའོ་ཡིས་བཤད།

    2008ལོར་སློབ་གྲྭས་མིག་མངས་དགའ་མོས་འཛིན་གྲྭ་གཉེར་བ་དང་དུས་མཚུངས་ཧའེ་ཐའོ་ཡང་མིག་མངས་ལ་དབྱིངས་ཞུགས། “མིག་མངས་ཀྱིས་ང་ལ་མི་བདེ་མ་ཐང་མ་དང་འདྲ་མཉམ་ངང་འགྲན་བསྡུར་ལ་ཞུགས་ཐུབ་པའི་ཚོར་སྣང་སྟེར་བྱུང”ཞེས་ཁོང་གིས་བཤད།

    ཧའེ་ཐའོ་ཡི་ཨ་མས་ཁོ་པ་མིག་མངས་རྩེ་བར་ཧ་ཅང་དགའ་པོ་ཡོད་པས་ང་ཚོས་རྒྱབ་སྐྱོར་ཧུར་ཐག་བྱེད་ཀྱི་ཡོད་ལ་ཁོ་པ་བདེ་ཐང་དང་སྐྱིད་པོ་ཡོང་བ་ནི་གཙོ་བོ་ཡིན་ཞེས་བཤད།

    ཁྱིམ་མིས་རྒྱབ་སྐྱོར་བྱས་པས་ཧའེ་ཐའོ་ལ་སེམས་ཁྲལ་སྤུ་ཙམ་མེད་པར་མིག་མངས་ལ་དབྱིངས་ཞུགས། དགའ་མོས་འཛིན་གྲྭའི་སློབ་ཚན་གྲོལ་རྗེས། ཁོང་གིས་དཔེ་དེབ་བལྟས་ནས་རང་སྦྱོང་བྱེད་འགོ་བརྩམས། ཁོ་པ་སློབ་ཆུང་ལོ་རིམ་གསུམ་པ་འགྲིམ་པའི་སྐབས“ཞིང་ཆེན་རིམ་པའི་བཟང་པོ་གསུམ་ལྡན་གྱི་སློབ་མའི”མཚན་སྙན་ཐོབ་པས་རྨོ་བོས་གློག་ཀླད་ཅིག་ཉོས་ནས་ལགས་རྟགས་ལ་སྤྲད།

    དྲ་སྦྲེལ་གྱི་རམ་འདེགས་ལ་བརྟེན་ནས་ཧའེ་ཐའོ་ཡིས་དྲ་ཐོག་ནས་མིག་མངས་སྦྱོང་བའི་དཔྱད་ཡིག་བཙལ་བ་མ་ཟད། ད་དུང་དྲ་གྲོགས་དབར་འགྲན་བསྡུར་ཡང་བྱས་པས་དངོས་འཐབ་ཀྱི་ཉམས་མྱོང་མི་ཉུང་བ་ཞིག་བསགས། ལྷན་སྐྱེས་ཀྱི་ཤེས་རབ་ལྡན་ལ་སྙིང་རུས་ཀྱང་ཆེ་བའི་ཁོང་རྣམ་གྲངས་འགྲན་བསྡུར་ལ་ཞུགས་སྐབས་ལམ་ལྷོངས་བྱུང་ཁར་མིག་མངས་ལོ་གཅིག་དང་ལོ་ཕྱེད་ལྷག་ཙམ་རིང་སྦྱངས་ནས་ལས་ཞོར་གྱི་དུས་མཚམས་ལྔ་པའི་ལག་ཁྱེར་ཡང་རག་པ་རེད།

    2011ལོར་ཧའེ་ཐའོ་ཡི་ཕ་ཡུལ་ཟི་ལིང་དུ་ཀྲུང་གོའི་མིག་མངས་ཀྱི་ཀ་པ་རིམ་པའི་མཉམ་འགྲན་གྱི་མཚོ་སྔོན་ཡན་ལག་ས་ཚིགས་ཀྱི་འགྲན་བསྡུར་གཉེར་བ་དང་དེའང་མིག་སྔའི་བར་གཉེར་འགན་འཁུར་བ་འབའ་ཞིག་ཡིན་པ་རེད།

    སྐབས་དེ་དུས་ལྟད་མོ་བ་ཡིན་པའི་ཧའེ་ཐའོ་ལ་སྟེས་དབང་གིས་འགྲན་བསྡུར་ལ་ཞུགས་མཁན་ཝང་ཡུས་ཧུའེ(ལས་རིགས་ཀྱི་དུས་མཚམས་བདུན་པ)ངོ་ཤེས། དེ་ཡང་ཁོང་གི་མི་ཚེའི་ལམ་སྟོན་པ་དང་དྲིན་ཅན་དགེ་རྒན་དུ་གྱུར།

    ཧའེ་ཐའོ་ཡི་གནས་ཚུལ་ཤེས་རྟོགས་བྱུང་རྗེས། ཝང་ཡུས་ཧུའེ་ཡིས་རང་ཉིད་ཀྱི་ཁ་པར་ཨང་གྲངས་དང་ཡིག་སྒམ་བཞག་ནས་ཧའེ་ཐའོ་ཡི་དོགས་གཞིར་ལན་བདེབས་ཀྱི་ཡོད་པ་རེད། ཁོང་གིས“སྐབས་དེ་དུས་ངས་བསམ་བློ་དེ་ཙམ་གཏོང་མྱོང་མེད་ལ་ཧའེ་ཐའོ་ལ་ད་ཆའི་གྲུབ་འབྲས་འདི་འདྲ་འཐོབ་ཀྱི་ཡོད་པ་ཡིད་ལའང་འཁོར་མྱོང་མེད། ང་ནི་ཚེ་གང་མིག་མངས་རྩེ་མཁན་ཞིག་ཡིན་པས་མིག་མངས་ལ་ཧ་ཅང་དགའ་བའི་གཞོན་ནུ་དེ་འདྲ་མཐོང་སྐབས། ངས་བྱེད་ཐུབ་པ་ནི་མིག་མངས་ཀྱི་སྐོར་མང་ཙམ་སློབ་པ་འདི་རེད”ཅེས་བཤད།

    དེ་ལྟར་ཁོ་གཉིས་ཀྱིས་ལོ་བཅུ་ལྷག་ཙམ་རིང་གི་དྲ་ཐོག་མིག་མངས་སྤེལ་རེས་བྱེད་འགོ་ཚུགས་པ་དང་། དགེ་རྒན་ཝང་ལགས་ནི་སྒྲོན་མེ་བཞིན་དུ་ཧའེ་ཐའོ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ།

    2015ལོར་ཝང་ཡུས་ཧུའེ་ཡིས་པེ་ཅིང་དུ་མིག་མངས་ལ་དགའ་བའི་ཐབས་ལམ་ཞེས་པའི་མིག་མངས་ཀྱི་དྲ་ཐོག་སློབ་གསོའི་སྒྲིག་གཞི་ཞིག་གཉེར་ཞིང་། ཚད་གཞི་ངེས་ཅན་ཞིག་ནས་བཤད་ན་ཧའེ་ཐའོ་ཡིས་ཁོང་གི་ལས་གཏོད་ཀྱི་སྤྲོ་སེམས་དང་ཁ་ཕྱོགས་འཕེལ་བར་བྱས་ཡོད་ཅེས་བརྗོད་ཡོད། “ཧའེ་ཐའོ་དང་འདྲ་བར་མིག་མངས་ཡག་པོ་སྦྱོང་འདོད་པའི་རྒྱལ་ཡོངས་ཀྱི་ཕྲུ་གུ་མང་པོར་རོགས་རམ་བྱེད་འདོད་ཚེ་ཡིག་འཕྲིན་ཙམ་ལ་བརྟེན་ན་ཕན་ཐོགས་མེད་པར་སྙམ། ཕར་བལྟས་ན་ངས་ཐོག་མཐའ་བར་གསུམ་དུ་ཧའེ་ཐའོ་ལ་རོགས་རམ་བྱེད་ཀྱི་ཡོད་མོད། འོན་ཀྱང་དོན་དངོས་ཐོག་ང་གཉིས་གཉིས་ཀ་ཕན་ཚུན་ལ་བརྟེན་ནས་གྲུབ་འབྲས་ཐོབ་པ་ཞིག་རེད”ཅེས་བཤད།

    ཝང་ཡུས་ཧུའེ་ལ་བྱ་གཞག་གཏོད་པའི་ཐོག་མའི་དུས་སུ་དཀའ་ངལ་སྣ་ཚོགས་ཕྲད་ནས་ཐ་ན་མཐའ་འཁྱོལ་གྱི་མ་རེད་བསམ་མྱོང་ཡོད་མོད། འོན་ཀྱང་ལས་དབང་དང་འཐབ་རྩོད་བྱེད་ཞོར་ལས་རིགས་ཀྱི་མིག་མངས་རྩེ་མཁན་གྱི་ཕུགས་བསམ་དོན་དུ་གཉེར་མཁན་ཧའེ་ཐའོ་ཡིད་ལ་འཁོར་རིམ་བཞིན་ཁོང་གི་སྟོབས་ཤུགས་འཕེལ་གྱི་ཡོད།

    “ཧའེ་ཐའོ་ནི་འཐབ་འཛིང་བ་ཞིག་དང་འདྲ་བར་གལ་ཏེ་ཁོང་གིས་མིག་མངས་ཀྱི་རྡེའུ་ལག་ཏུ་འཛིན་མ་ཐུབ་ཀྱང་། བསམ་བློ་གཏོང་ཐུབ་པ་ཙམ་གྱིས་མུ་མཐུད་རྩེད་འདོད་ཡོད། རང་ཉིད་ལ་དཀའ་ངལ་འཕྲད་སྐབས་ཧའེ་ཐའོ་ཡིས་མཐའ་འཁྱོངས་དེ་འདྲ་བྱེད་པ་ཡིད་ལ་འཁོར་ཚེ། ངའི་དཀའ་ངལ་འདི་ཅི་ཡང་མ་རེད་སྙམ་གྱི་འདུག ངས་རྟག་ཏུ་ཧའེ་ཐའོ་ནི་ངའི་མིག་དཔེ་དང་ངའི་དགེ་རྒན་རེད་ཅེས་བརྗོད་ཀྱི་ཡོད་ལ་འདི་ནི་ཁེངས་སྐྱུང་གི་སྐད་ཆ་མིན། ལོ་12རིང་ངས་དངོས་གནས་ཁོང་གི་ས་ནས་མང་པོ་ཞིག་སྦྱོང་ཐུབ་སོང”ཞེས་ཝང་ཡུས་ཧུའེ་ཡིས་བརྗོད།

    ཧའེ་ཐའོ་ཡི་བག་ཆགས་སུ་2017ལོར་ནད་གཞིའི་དུས་མཚམས་རང་བཞིན་གྱི་ནད་ཚབས་ལྕི་རུ་ཕྱིན་ནས་མིག་མངས་ལག་ཏུ་འཛིན་པའི་ཤུགས་ཀྱང་མེད་པས་གཞན་ལ་མ་བརྟེན་རང་བརྟེན་རེད་ལ་རྟག་ཏུ་དབུགས་འཚང་བ་དང་སྒལ་པ་དང་སྐེད་པ་ན་གི་ཡོད།

    འོན་ཀྱང་གཟུགས་པོའི་གནས་བབ་ཇེ་སྡུག་ཏུ་སོང་བ་དེས་སྙིང་རུས་ཁྱད་དུ་འཕགས་པའི་གཞོན་ནུ་དེ་དཔའ་ཞུམ་དུ་འཇུག་ཐུབ་མེད། ཁོང་རང་ཉིད་ཀྱིས་སྤོབས་པ་སྐྱེ་འོས་པ་ཞིག་ལ་ལོ་18ལ་སླེབས་སྐབས་དྲ་ཐོག་ནས་མིག་མངས་སྐོར་གྱི་སློབ་ཚན་ཁྲིད་ནས་མི་ཚེའི་ཡོང་འབབ་དང་པོ་རག་པ་རེད།

    “རང་ཁ་རང་གསོ་དང་རང་མགོ་ཐོན་པས་ཁྱིམ་མི་ཚང་མ་ཧ་ཅང་དགའ་པོ་བྱུང་སོང་། ཆུང་དུས་ནས་ཁྱིམ་བདག་གིས་སེམས་ཁྲལ་བྱེད་པ་ནི་སླད་ཕྱིན་ང་རང་ག་རེ་བྱས་ནས་འཚོ་གནས་བྱེད་དམ་སྙམ་པ་དེ་རེད། རང་ཉིད་ལ་ཁ་གསོ་ཐུབ་པའི་ལས་ཀ་ཡོད་པས་ཁོ་ཚོས་ཀྱང་སེམས་ཁྲལ་དེ་ཙམ་བྱེད་ཀྱི་མེད་པའི་ཁར་དགེ་རྒན་ནི་མི་རྣམས་ཀྱིས་གུས་བཀུར་བྱེད་འོས་པའི་ལས་ཀ་ཞིག་ཀྱང་ཡིན་པས་རེད”ཅེས་ཧའེ་ཐའོ་ཡིས་བཤད།

    ལས་ཀ་ཡོད་པས་འཚོ་བ་ཡང་དེ་དང་བསྟུན་ནས་སྔར་བས་གོ་རིམ་ལྡན་པར་གྱུར། ལོ་གསུམ་གྱི་རྗེས་སུ། གཏམ་བཟང་ཆེན་པོ་ཞིག་གིས་མཚན་ནམ་རིང་མོའི་རྗེས་སུ་འཕྲོས་པའི་སྐྱ་རེངས་དང་འདྲ་བར་ཧའེ་ཐའོ་ཡི་མི་ཚེ་ཡོངས་སུ་གསལ།

    2021ལོའི་ལོ་མཇུག་ཏུ་སྨན་རིན་སྙོམས་སྒྲིག་བྱས་རྗེས“SMAཡི་རིན་གོང་མཐོ་བའི་སྲོག་སྐྱོབ་སྨན”ནོ་ཤིས་ན་ཧྲེང་ནཱ་སྨན་ཁབ་ཁབ་རེར་སྒོར་ཁྲི་70ནས་སྒོར་ཁྲི་3.3བར་ཆག་སྟེ་སྨན་བཅོས་འགན་བཅོལ་གྱི་དཀར་ཆག་ལ་བཅུག་པ་དང་། སྨན་བཅོས་འགན་བཅོལ་གྱི་རྩིས་ཞུ་བྱས་རྗེས་ཁབ་རེར་སྒོར་ཁྲི་གཅིག་ཡས་མས་ལས་འཐོབ་ཀྱི་མེད།

    གནས་ཚུལ་དེ་ཐོས་མ་ཐག་ཧའེ་ཐའོ་དང་ཁོང་གི་ཨ་མས་འཕྲལ་མར་པེ་ཅིང་ཞེ་ཧོ་སྨན་ཁང་དུ་སྨན་བཅོས་བྱེད་པར་སྐྱོད་རྩིས་བྱས། “ནད་པ་ཁ་ཤས་ལ་ཚེ་གང་རིང་ནད་གཞིར་ཕན་པའི་སྨན་གཅིག་ཀྱང་རག་གི་མེད། འོན་ཀྱང་ང་ལ་རག་པ་རེད”ཅེས་ཧའེ་ཐའོ་ཡིས་བཤད།

    2022ལོའི་ཟླ་དང་པོར་ལོ་21ལ་སླེབས་པའི་ཧའེ་ཐའོ་ལ“སྲོག་སྐྱོབ་སྨན་ཁབ”ཐོག་མ་དེ་བརྒྱབ། པེ་ཅིང་ཞེ་ཧོ་སྨན་ཁང་གི་རིག་ཚན་མང་པོའི་སྨན་བཅོས་རུ་ཁག་གིས་ཀྱང་ཁོང་ལ་བདེ་ཐང་སླར་གསོའི་འཆར་གཞི་ཞིབ་ཕྲ་ཞིག་བཟོས་པ་རེད།

    ཧའེ་ཐའོ་ལ་ཧང་ཀྲོའུ་ཨེ་ཤེ་ཡའི་དབང་སྐྱོན་ལུས་རྩལ་འགྲན་ཚོགས་ལ་སྐྱེས་པ་མི་སྒེར་གྱི་མིག་མངས་འགྲན་བསྡུར་དང་ཚོགས་པའི་འགྲན་བསྡུར་གྱི་དངུལ་གྱི་རྟགས་མ་གཉིས་ཐོབ་པ་རེད། མཚོ་སྔོན་ཞིང་ཆེན་གྱི་ཨེ་ཤེ་ཡའི་དབང་སྐྱོན་ལུས་རྩལ་འགྲན་ཚོགས་ལ་བདམས་པའི་ལུས་རྩལ་བ་འབའ་ཞིག་གི་ངོས་ནས་ཧའེ་ཐའོ་ཡིས་གཟེངས་སུ་ཐོན་པའི་གྲུབ་འབྲས་བླངས་པས་ཕ་ཡུལ་གྱི་ཡུལ་མི་སྤུན་མཆེད་ཚོས་སྣེ་ལེན་གཟབ་རྒྱས་ཞུས།

    མི་ཚེའི་གཟི་བརྗིད་ཀྱི་དཔལ་འབར་བའི་དུས་དེ་སླེབས་པས་ཧའེ་ཐའོ་ཡིས་རང་ཉིད་ལ་གོ་སྐབས་ཡག་པོ་རག་པ་གསལ་པོར་ཤེས་ཀྱི་ཡོད། འོན་ཀྱང་ཁོང་ལ་ད་དུང་ཕུགས་འདུན་གཞན་ཞིག་ཡོད་པ་ནི་འཛམ་གླིང་གི་དབང་སྐྱོན་ལས་རིགས་ཀྱི་མིག་མངས་རྩེ་མཁན་དང་པོར་འགྱུར་བར་བྱེད་པ་འདི་རེད།

    ད་ཆ་སྨན་བརྟན་པོ་སྤྱོད་ཐུབ་པ་དང་གཟུགས་པོའི་གནས་བབ་རིམ་བཞིན་ལེགས་སུ་ཕྱིན་པ་ཤེས་སྐབས། ཧའེ་ཐའོ་ལ་ཕུགས་འདུན་དོན་གཉེར་གྱི་ཡིད་ཆེས་སྐྱེས་པ་དང་། ཁོང་གིས་དོན་དངོས་ནས་འགོ་བཙུགས་ཏེ་རང་ཉིད་ཀྱི་བྱ་གཞག་ལ་འཆར་འགོད་བྱེད་འགོ་ཚུགས།

    དྲ་སྦྲེལ་གྱི་དུས་རབས་སུ་སླེབས་པ་དང་། SMAཡི་སྲོག་སྐྱོབ་སྨན་སྨན་བཅོས་འགན་བཅོལ་ལ་བཅུག་པ། མིག་མངས་ཨེ་ཤེ་ཡའི་དབང་སྐྱོན་ལུས་རྩལ་འགྲན་ཚོགས་ཀྱི་དངོས་གཞིའི་འགྲན་བསྡུར་རྣམ་གྲངས་ལ་ཐོག་མར་ཚུད་པ་ལ་སོགས་ཧའེ་ཐའོ་ཡིས་མི་མང་པོས་ཁོང་ལ་ཐུགས་ཁུར་དང་རོགས་རམ་བྱེད་ཀྱི་ཡོད་པ་ཤེས་སྐབས་ད་ལྟའི་འཚོ་བར་ཧ་ཅང་བློ་ཡིད་ཚིམས་ནས་བདེ་སྐྱིད་ཀྱི་སྤྲོ་སྣང་ཡོངས་སུ་འཕེལ།

    ད་ཆ་ཁོང་གིས་དྲ་རྒྱ་ནས་མིག་མངས་སློབ་ཁྲིད་བྱེད་ཀྱི་ཡོད་པ་མ་ཟད། གདན་ཞུས་ལྟར་མིག་མངས་འཆད་ཁྲིད་དང་སྤེལ་རེས་ཀྱི་བྱེད་སྒོར་ཞུགས་ཀྱི་ཡོད་ལ། ད་དུང་སྤྱི་ཕན་ལས་ཀར་ཧུར་ཐག་ཞུགས་ཀྱི་ཡོད། ཉེ་འགྲམ་གྱི་མི་མང་པོས་ཁོང་གི་གཟུགས་པོར་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད་ཀྱང་། ཧའེ་ཐའོ་ཡིས་ད་ལྟའི་འཚོ་བར་དོན་སྙིང་ཆེན་པོ་ལྡན་པ་ངོས་འཛིན་བྱེད་ཀྱི་ཡོད།

    ཧའེ་ཐའོ་ཡིས་ད་ལྟ་རང་ཉིད“ལས་སློབ་གཉིས་བརྩོན”གྱི་སློབ་གྲྭ་ཆེ་མོ་བ་ཞིག་དང་འདྲ་པོ་ཡོད། ལས་ཀ་བྱེད་ཞོར་དུ་མིག་མངས་སྦྱོང་ཐུབ་པས་ད་ལྟའི་འཚོ་བ་དངོས་ནས་སྐྱིད་པོ་རེད་སྙམ་གྱི་འདུག་ཅེས་བཤད།

    མི་ཚེ་ནི་མིག་མངས་དང་འདྲ་བས་རྒྱལ་ཕམ་མང་པོ་ཡོང་སྲིད། དེའི་ཕྱིར་སྙིང་རུས་བྱས་ན་རྒྱལ་ཁ་འཐོབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།