ནང་འདྲེན་དངོས་མང་སྟོན་ཚོགས་ལ་བརྟེན་ནས་སར་ཀྲུང་དབར་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་གཏིང་ཟབ་ཏུ་འགྲོ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད།
—— སར་པི་ཡའི་ཕྱི་ནང་ཚོང་དོན་པུའུ་ཀྲང་མོ་སྨི་ལུའོ་ཝེ་ཆི་ལ་བཅར་འདྲི་བྱས་པ།
ཉིན་ཤས་གོང་། ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དྲུག་པའི་རྒྱལ་ཁབ་འགྲེམས་སྟོན་དྲ་ཕྱིར་ཁྱོན་ཡོངས་ནས་འཚོགས་པར་ཧོང་ཏུ་ར་སི་དང་། སར་པི་ཡ། ཝེ་ཐེ་ནམ། ལྷོ་ཨ་ཧྥེ་རི་ཁ། ཧ་སག་སི་ཐན་བཅས་རྒྱལ་ཁབ་ལྔ་སྐབས་འདིའི་ནང་འདྲེན་དངོས་མང་སྟོན་ཚོགས་ཀྱི་སྐུ་མགྲོན་རྒྱལ་ཁབ་གཙོ་བོ་ཡིན་པའི་ངོས་ནས་རྒྱལ་ཁབ་འགྲེམས་སྟོན་ལ་ཞུགས་པ་རེད། འདི་ནི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དྲུག་པའི་རྒྱལ་ཁབ་འགྲེམས་སྟོན་གྱི་སར་པི་ཡའི་འགྲེམས་སྟེགས་སུ་ལྟ་སྐོར་བས་ཞབས་བྲོར་ལྟ་བའི་རྣམ་པ་ཡིན་པ།
སར་པི་ཡའི་ཕྱི་ནང་ཚོང་དོན་པུའུ་ཀྲང་མོ་སྨི་ལུའོ་ཝེ་ཆི་ཡིས་ཉེ་ཆར་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། སར་པི་ཡ་ཡིས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དྲུག་པར་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད། ནང་འདྲེན་དངོས་མང་སྟོན་ཚོགས་འདི་བརྒྱུད་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་ཁྱབ་ཁོངས་ཆེ་རུ་ཕྱིན་ནས། ཀྲུང་གོ་དང་ཐ་ན་གོ་ལ་ཧྲིལ་པོའི་ཁེ་ལས་མང་པོ་སར་པི་ཡར་མ་འཇོག་བྱེད་པར་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།
མོ་སྨི་ལུའོ་ཝེ་ཆི་ཡིས་བརྗོད་དོན། སར་པི་ཡས་ནང་འདྲེན་དངོས་མང་སྟོན་ཚོགས་ལ་མཐོང་ཆེན་བྱེད་པ་དང་ལོ་མང་རིང་རིམ་མཐོའི་འཐུས་མི་ཚོགས་པ་མངགས་ཡོད། “ང་ཚོའི་དམིགས་ཡུལ་ནི་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་སྔར་བས་མཉམ་འབྲེལ་བྱུང་ནས། ང་ཚོའི་ཐོན་རྫས་མང་པོ་རྒྱ་ཆེ་བའི་ཀྲུང་གོའི་ཁྲོམ་རར་འདོན་རྒྱུ་དེ་ཡིན”
ཁོང་གིས་བརྗོད་དོན། ལོ་མང་རིང་། ཀྲུང་གོས་རང་ངོས་ཀྱི་དཔལ་འབྱོར་འཕེལ་རྒྱས་བཏང་བ་མ་ཟད་ད་དུང་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ལ་ཡང་སྐུལ་འདེད་བཏང་ཡོད། ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་བཏང་བ་དེ་ཀྲུང་གོ་རང་ངོས་ཀྱི་ཁེ་ཕན་དང་འཚམ་པ་མ་ཟད། ད་དུང་སར་པི་ཡ་དང་རྒྱལ་ཁབ་གཞན་གྱི་ཁེ་ཕན་དང་ཡང་འཚམ་ཡོད།
མོ་སྨི་ལུའོ་ཝེ་ཆི་ཡིས་ངོས་འཛིན་བྱས་དོན། ཀྲུང་གོའི་ཁེ་ལས་ཀྱིས་སར་པི་ཡའི་དཔལ་འབྱོར་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་བརྒྱུད་རིམ་ཁྲོད་ནུས་པ་གལ་ཆེན་བཏོན་ཡོད། སར་ཀྲུང་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། སར་པི་ཡ་འབྱུང་འགྱུར“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་ནང་མུ་མཐུད་ཞུགས་ནས་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་གཏིང་ཤུགས་ཆེན་པོ་འཕེལ་བར་བྱ་རྒྱུ་ཡིན།