དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ལག་ལེན་དང་དེའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས།

    ས་མཐོའི་འཕོ་འགྱུར་ཆེན་པོར་སྤྲོ་བས་ལྟ། གྲུ་གཡོར་བསྒྲེངས་ནས་སླར་ཡང་རྡོག་ཐོན་བྱས།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-11-13

    ཚེས་10ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་ཁྱབ་བསྒྲགས་བྱས་པའི《དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ལག་ལེན་དང་དེའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས》ཀྱི་རྒྱབ་ཤ་དཀར་པོའི་དེབ་ནང་བསྟན་དོན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ཁྲིད་སྟོན་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པས་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་བྱུང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།

    གཅིག  དབུལ་སྒྲོལ་མང་ཚོགས་ལ་འགན་ལེན་བརྟན་པོ་སྣ་ཚོགས་ལོངས་སུ་སྤྱོད་རྒྱུ་ཡོད་པ།

    རྒྱབ་ཤ་དཀར་པོའི་དེབ་ནང་བསྟན་དོན། བོད་ཀྱི་དབུལ་སྒྲོལ་མང་ཚོགས་ལ་ལྟོ་གོས་དང་། སྡོད་གནས། སློབ་གསོ། སྨན་བཅོས་སོགས་ཀྱི་འགན་ལེན་བརྟན་པོ་ལོངས་སུ་སྤྱོད་རྒྱུ་ཡོད་པ་མ་ཟད། དེ་བས་ཞི་མཐུན་གྱི་བདེ་སྡོད་ལས་བརྩོན་གྱི་ཁོར་ཡུག་དང་། དེ་བས་དོ་སྙོམས་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་དང་གཞི་རྩའི་སྤྱི་པའི་ཞབས་ཞུ། དེ་བས་འཐུས་སྒོ་ཚང་བའི་སྤྱི་ཚོགས་འགན་ལེན་མ་ལག་བཅས་ཀྱང་ལོངས་སུ་སྤྱོད་རྒྱུ་ཡོད།

    རྒྱབ་ཤ་དཀར་པོའི་དེབ་ནང་ངོ་སྤྲོད་བྱས་དོན། བོད་ཀྱིས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་གཞི་རྩའི་མཛད་ཇུས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཤིང་། 2019ལོའི་ལོ་མཇུག་ཏུ་རིམ་རྩིས་བྱས་ན། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་62.8དབུལ་སྒྲོལ་བྱུང་བ་དང་རྫོང(ཆུས)དབུལ་པོ་74ཚང་མའི་དབུལ་ཞྭ་ཕུད་དེ། ལོ་ངོ་དུ་མའི་རིང་བོད་ལ་འཕྲད་པའི་དབུལ་པོ་དབུལ་རྐྱང་གི་གནད་དོན་རྦད་དེ་ཐག་གཅོད་བྱུང་ཡོད། 2022ལོར་བོད་ཀྱི་དབུལ་སྒྲོལ་མི་འབོར་གྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.38ཟིན་པ་དང་ལོ་རེར་ཆ་སྙོམས་འཕར་ཚད་དེ་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་ལས་མཐོ་བ་ཡོད།

    རྒྱབ་ཤ་དཀར་པོའི་དེབ་ནང་བསྟན་དོན། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་ཆེད། བོད་ཀྱི་དབུལ་སྒྲོལ་མི་འབོར་ཕྱིར་གླ་པར་སྐྱོད་མཁན་མི་གྲངས་ཁྲི་20ཡན་ཟིན་པ་དང་། མངོན་མིན་རིག་གནས་ཤུལ་བཞག་བཟོ་ཁང་173བཙུགས་ཏེ་དབུལ་སྒྲོལ་མང་ཚོགས་ཀྱི་སྣེ་ཁྲིད་ནས་ཁྱིམ་དུ་ལས་ཞུགས་ཐུབ་པ་དང་ཐག་ཉེ་སར་ལས་ཞུགས་ཐུབ་པར་བྱས་ཡོད།

    གཉིས།  སྤྱི་པའི་རིག་གནས་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ།

    རྒྱབ་ཤ་དཀར་པོའི་དེབ་ནང་འཁོད་དོན། བོད་ཀྱི་སྤྱི་པའི་རིག་གནས་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ཡོད།

    རྒྱབ་ཤ་དཀར་པོའི་དེབ་ནང་ངོ་སྤྲོད་བྱས་དོན། བོད་དུ་རང་སྐྱོང་ལྗོངས་དང་། གྲོང་ཁྱེར(ས་ཁུལ) རྫོང(ཆུས) ཤང(གྲོང་རྡལ) གྲོང་ཚོ(གྲོང་ལྷན)བཅས་རིམ་པ་ལྔའི་སྤྱི་པའི་རིག་གནས་སྒྲིག་བཀོད་ཀྱི་དྲ་བ་གཞི་རྩའི་ཆ་ནས་བསྐྲུན་ཟིན་པ་དང་། གྲོང་ཁྱེར(ས་ཁུལ)དུ་དཔེ་མཛོད་ཁང་དང་། མང་ཚོགས་སྒྱུ་རྩལ་ཁང་། རྟེན་མཛོད་ཁང་བཅས་ཡོད་པ། རྫོང(ཆུས)དུ་ཕྱོགས་བསྡུས་རིག་གནས་བྱེད་སྒོའི་ལྟེ་གནས་ཡོད་པ། ཤང(གྲོང་རྡལ)དུ་ཕྱོགས་བསྡུས་རིག་གནས་བྱེད་སྒོའི་ས་ཚིགས་ཡོད་པ། གྲོང་ཚོ(གྲོང་ལྷན)དུ་རིག་གནས་བྱེད་སྒོ་ཁང་ཡོད་པ། བོད་ཀྱིས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གཞི་རིམ་དུ་ཁྱབ་གདལ་གཏོང་བའི་བྱེད་སྒོ་སྤེལ་ཏེ། གཞི་རིམ་གྱི་རིག་གནས་སྒྲིག་བཀོད་ཀྱི་ཞབས་ཞུའི་ནུས་པ་ཆེ་རུ་བཏང་ནས་གྲོང་ཚོ་རིམ་པའི་མང་ཚོགས་རང་བཞིན་གྱི་རིག་གནས་དཔེ་སྟོན་འཐབ་ས་100སྟོབས་ཆེར་བཏང་ཡོད།

    རྒྱབ་ཤ་དཀར་པོའི་དེབ་ནང་བརྗོད་དོན། བོད་ཀྱི་རིག་གནས་སྒྱུ་རྩལ་གསར་རྩོམ་དར་རྒྱས་གོང་འཕེལ་བྱུང་ཞིང་། གླུ་གར་ཟློས་གར《གནམ་མཐའི་སྐལ་བཟང་མེ་ཏོག》སོགས་ཀྲུང་ཧྭའི་རིག་གནས་ཀྱི་ལངས་ཕྱོགས་བརྟན་པོར་སྲུང་བ་དང་། དུས་རབས་ཀྱི་སྙིང་སྟོབས་མངོན་པ། བོད་ཀྱི་ཁྱད་ཆོས་མཚོན་པ། མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བ་བཅས་ཀྱི་ཕུལ་བྱུང་རིག་རྩལ་བརྩམས་ཆོས་འབོར་ཆེན་ཞིག་ཁྱབ་གདལ་བཏང་ཡོད། དེ་དང་ཆབས་ཅིག་མང་ཚོགས་རང་བཞིན་གྱི་ལུས་རྩལ་འགྲན་བསྡུར་བྱེད་སྒོ་སྣ་ཚོགས་ཕུན་སུམ་ཚོགས་པ་དང་། མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རྒྱུན་འཛིན་དང་འཕེལ་རྒྱས་ཕྱིན་པ། བྱེས་བགྲོད་ལུས་རྩལ་རྒྱ་ཁྱབ་ཏུ་སྤེལ་དང་སྤེལ་བཞིན་ཡོད།

    རྒྱབ་ཤ་དཀར་པོའི་དེབ་ནང་ངོ་སྤྲོད་བྱས་དོན། བོད་དུ་ད་ཆ་དཔེ་སྐྲུན་ཁེ་ལས་སྣ་ཚོགས་40དང་། དཔེ་སྐྲུན་འགྲེམས་སྤེལ་ཚན་པ་སྣ་ཚོགས་219 དཔེ་སྐྲུན་དུས་དེབ་ཁྲི་231.73དང་དཔེ་དེབ་ཁྲི་270.7ཡོད་པ། དཔེ་དེབ་ཕྱིར་ཚོང་དངུལ་འབོར་སྒོར་དུང་ཕྱུར་12.93ཟིན་པ། ཞིང་པའི་དཔེ་དེབ་ཁང་5400ལྷག་ཙམ་དང་དགོན་སྡེའི་དཔེ་དེབ་ཁང་1700ལྷག་ཙམ་བསྐྲུན་ཏེ། གསར་འགྱུར་དཔེ་སྐྲུན་དར་རྒྱས་གོང་འཕེལ་འགྲོ་བར་སྐུལ་འདེད་ནུས་ལྡན་བཏང་བ་དང་ཞིང་འབྲོག་མང་ཚོགས་ཀྱི་ཚན་རིག་རིག་གནས་ཀྱི་ཤེས་བྱ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་བཏང་ཡོད།

    གསུམ།  མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་དེ་བས་དམ་ཟབ་བྱུང་བ།

    རྒྱབ་ཤ་དཀར་པོའི་དེབ་ནང་འཁོད་དོན། བོད་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་མཐའ་འཁྱོངས་བྱས་ཏེ། མི་རིགས་ལས་དོན་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བས་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་ཉིན་རེ་བཞིན་བརྟན་དུ་ཕྱིན་ཡོད།

    རྒྱབ་ཤ་དཀར་པོའི་དེབ་ནང་མངོན་དོན། བོད་དུ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་སྐྲུན་མགྱོགས་སུ་ཕྱིན་པ་དང་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་དེ་བས་དམ་ཟབ་བྱུང་ཞིང་། བོད་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་སྐོར་གྱི་མུ་འབྲེལ་ཀློག་དེབ་སོགས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གཞི་དང་ཀློག་དེབ་རྩོམ་འབྲི་དཔེ་སྐྲུན་བྱས་པ་དང་། “དྲ་སྦྲེལ+མི་རིགས་མཐུན་སྒྲིལ”གྱི་སྤེལ་རེས་ལས་སྟེགས་བཏོད་པ། “ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། སེམས་མཐུན་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད”ཅེས་པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་སློབ་གསོ་སྤེལ་ཏེ། མི་རིགས་ཁག་གི་མི་དམངས་ལ་བདེ་སྡུག་མཉམ་མྱོང་དང་། ཁྲེལ་གྲགས་མཉམ་འཁུར། མཉམ་ཤི་མཉམ་གསོན། ལས་དབང་གཅིག་མཐུན་བཅས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུའི་ཁྲིད་སྟོན་བྱས་ཡོད། བོད་ཀྱིས་ཡུལ་བབ་དང་བསྟུན་ནས་ཕན་ཚུན་འབྲེལ་མཐུད་རྣམ་པའི་སྡེ་ཁུལ་བཙུགས་པས། མི་རིགས་ཁག་གི་མང་ཚོགས་མཉམ་སྡོད་མཉམ་སྦྱོང་དང་། མཉམ་སྐྲུན་མཉམ་སྤྱོད། མཉམ་སྒྲུབ་མཉམ་རོལ་བཅས་བྱེད་པའི་རྣམ་པ་ཞིག་ཆགས་ཡོད།

    རྒྱབ་ཤ་དཀར་པོའི་དེབ་ནང་ངོ་སྤྲོད་བྱས་དོན། བོད་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་རྒྱ་ཁྱབ་བྱས་ཏེ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་ཤུགས་ཆེན་དང་། མི་རིགས་མཐུན་སྒྲིལ་གྱི་གྲོང་ཁྱེར་དང་རྫོང་དུ་སྐྱོད་པའི་བྱེད་སྒོར་སྐུལ་འདེད་བཏང་ཡོད། བོད་ཀྱི་མཉམ་སྡེབ་140དང་མི་སྒེར་189ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཟེངས་བསྟོད་སྔ་རྗེས་སུ་ཐོབ་པ་དང་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མཉམ་སྡེབ(མི་སྒེར)ཀྱི་མཚན་སྙན་ཐོབ་ཡོད།

    རྒྱབ་ཤ་དཀར་པོའི་དེབ་ནང་ནན་བཤད་བྱས་དོན། བོད་ཀྱིས་ཁྲིམས་ལྟར་བོད་སྐྱོང་གི་རྩ་དོན་མཐའ་འཁྱོངས་ཀྱིས་མི་རིགས་ཁག་གི་མང་ཚོགས་ལ་དམ་པོར་བརྟེན་པ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་བྱས་ཏེ། ཏཱ་ལའི་རུ་ཚོགས་ཀྱི་ལོག་སྤྱོད་ཀྱི་ངོ་བོར་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱས་པ་དང་། ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་སྣ་ཚོགས་ལ་བཀག་འགོག་མཐའ་གཅིག་ཏུ་དང་རྡུང་རྡེག་ཚ་ནན་བཏང་ཡོད། “མཐུན་སྒྲིལ་དང་བརྟན་ལྷིང་ནི་བདེ་སྐྱིད་དང་ཁ་ཕྲལ་དང་ཟང་ཟིང་ནི་ཆག་སྒོ་ཡིན་པའི”འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་ནས། མི་རིགས་ཁག་གི་མང་ཚོགས་ཚོས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་། རྒྱལ་ཁབ་ཀྱི་བདག་དབང་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བཅས་བྱེད་པའི་རྣམ་འགྱུར་ཉིན་རེ་བཞིན་བརྟན་དུ་ཕྱིན་ཡོད།

    བཞི།  སྤྱི་ཚོགས་ཀྱི་བྱ་གཞག་ཕྱོགས་ཡོངས་ནས་ཡར་རྒྱས་ཕྱིན་པ།

    རྒྱབ་ཤ་དཀར་པོའི་དེབ་ནང་འཁོད་དོན། བོད་ཀྱི་སྤྱི་ཚོགས་བྱ་གཞག་ཕྱོགས་ཡོངས་ནས་ཡར་རྒྱས་ཕྱིན་ཡོད།

    རྒྱབ་ཤ་དཀར་པོའི་དེབ་ནང་ངོ་སྤྲོད་བྱས་དོན། བོད་དུ་སློབ་ཞུགས་གོང་གི་སློབ་གསོ་དང་། རྨང་གཞིའི་སློབ་གསོ། ལས་རིགས་སློབ་གསོ། མཐོ་རིམ་སློབ་གསོ། རྒྱུན་མཐུད་སློབ་གསོ། དམིགས་བསལ་སློབ་གསོ་བཅས་ཚུད་པའི་ཅུང་ཆ་ལག་ཚང་བའི་དེང་རབས་སློབ་གསོའི་མ་ལག་ཅིག་གྲུབ་ཡོད། 2012ལོ་ནས་2022ལོའི་བར་རིམ་རྩིས་བྱས་ན་རྒྱལ་ཁབ་ཀྱིས་བོད་ཀྱི་སློབ་གསོར་གྲོན་དངུལ་སྒོར་དུང་ཕྱུར་2515.06བཏང་བ་དང་། ད་ཆ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་3409ཡོད་པ། སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་ཁྲི་94.4ལྷག་ཙམ་ཡོད་པ། སློབ་ཞུགས་གོང་གི་སློབ་གསོར་ན་འདྲེས་སློབ་ཞུགས་བྱེད་ཚད་89.52%ཟིན་པ། འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་ཚད་97.73%ཟིན་པ། མཐོ་རིམ་སློབ་འབྲིང་དུས་མཚམས་སུ་ན་འདྲེས་སློབ་ཞུགས་བྱེད་ཚད་91.07%ཟིན་ཡོད།

    སྡོད་ཁང་འགན་ལེན་ཐད་རྒྱབ་ཤ་དཀར་པོའི་དེབ་ནང་མངོན་དོན། 2022ལོར་བོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་དང་ཞིང་འབྲོག་པ་མི་རེའི་ཆ་སྙོམས་སྡོད་ཁང་འཛུགས་སྐྲུན་གྱི་རྒྱ་ཁྱོན་སྨི་ངོས་གྲུ་44.82དང་སྨི་ངོས་གྲུ་40.18སོ་སོར་ཟིན་ནས་སྡོད་ཁང་གི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད།

    སྤྱི་པའི་འཕྲོད་བསྟེན་བྱ་གཞག་ཐད་རྒྱབ་ཤ་དཀར་པོའི་དེབ་ནང་འཁོད་དོན། བོད་དུ་གཞི་རྩའི་སྨན་བཅོས་ཞབས་ཞུ་དང་། མ་བུ་བདེ་སྲུང་། རིམས་ནད་སྔོན་འགོག་དང་ཚོད་འཛིན། བོད་ལུགས་གསོ་རིག་སོགས་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་ཕྱོགས་ཡོངས་ནས་བཙུགས་ཡོད། སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་ལ་འཕེལ་རྒྱས་གང་ལེགས་བྱུང་ཞིང་། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱིས་རོགས་སྐྱོར་བྱ་ཡུལ་དུ་ཀ་པ་རིམ་པ་གསུམ་པའི་སྨན་ཁང་6གྲུབ་འབྲས་ཐོབ་པའི་ངང་བསྐྲུན་པ་དང་། སྨན་བཅོས་ཚོགས་པ་1165དང་ས་གནས་དེ་གའི་སྨན་དོན་མི་སྣ་3192ལ་རོགས་ཁྲིད་བྱས་པ། ལག་རྩལ་གྱི་སྟོང་ཆ་2219བསྐངས་ཡོད།

    རྒྱབ་ཤ་དཀར་པོའི་དེབ་ནང་བསྟན་དོན། བོད་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཚོགས་འགན་ལེན་མ་ལག་གཞི་གཅིག་ཅན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ། དམངས་ཡོངས་ལ་ཁྱབ་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ལ་སྤྱི་འདོམས། དྲང་གཞག་གཅིག་གྱུར། རྒྱུན་མཐུད་ཆོག་པ་བཅས་ཀྱི་རིགས་དབྱེ་རིམ་དབྱེའི་སྤྱི་ཚོགས་འགན་ལེན་མ་ལག་མགྱོགས་མྱུར་འཐུས་སྒོ་ཚང་དུ་བཏང་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་ཐོབ་ཐང་གཏན་འཁེལ་དང་རྨང་གཞིའི་རྒན་གསོའི་དངུལ་རྒྱུན་གཏན་ལེགས་སྒྲིག་ལམ་སྲོལ་རིམ་བཞིན་བཙུགས་པ་དང་། གྲོང་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་ཐོབ་ཐང་གི་ཆུ་ཚད་དེ་དཔལ་འབྱོར་འཕེལ་རྒྱས་དང་དུས་མཉམ་དུ་མཐོ་རུ་ཕྱིན་ཡོད།

    ལྔ།  སྐྱེ་ཁམས་ཀྱི་ཁེ་སྤོགས་རྒྱུན་ཆད་མེད་པར་བཏོད་པ།

    རྒྱབ་ཤ་དཀར་པོའི་དེབ་ནང་བསྟན་དོན། བོད་ཀྱིས་སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་སྲུང་སྐྱོང་དང་འཕེལ་རྒྱས་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་པ་དང་། ལྗང་མདོག་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་པ། རྒྱལ་ཡོངས་ཙམ་མ་ཟད། ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པར་ཤུགས་སྣོན་བརྒྱབ་པ། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་རིང་སྐྱེ་ཁམས་ཀྱི་ཁེ་སྤོགས་རྒྱུན་ཆད་མེད་པར་བཏོད་ཡོད།

    རྒྱབ་ཤ་དཀར་པོའི་དེབ་ནང་ངོ་སྤྲོད་བྱས་དོན། 2018ལོ་ཚུན་དུ། རིམ་རྩིས་བྱས་ན་བོད་ཀྱིས་རི་ཆུ་ནགས་ཞིང་དང་མཚོ་རྩྭ་བྱེ་འཁྱགས་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་སླར་གསོའི་མ་དངུལ་སྒོར་དུང་ཕྱུར་49.33དོན་འཁྱོལ་བྱས་པ་དང་། ནགས་ཚལ་དང་། འདམ་ར། རྩྭ་ཐང་། ཆུའི་སྐྱེ་ཁམས་སོགས་ཁྱབ་ཁོངས་སུ་ཁྱབ་པའི་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་ལམ་སྲོལ་བཙུགས་པ། སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་མ་དངུལ་2012ལོའི་སྒོར་དུང་ཕྱུར་37ནས་2022ལོའི་སྒོར་དུང་ཕྱུར་161བར་མགྱོགས་མྱུར་འཕར་ཡོད།

    རྒྱབ་ཤ་དཀར་པོའི་དེབ་ནང་བསྟན་དོན། བོད་འདི་ཉིད་སྐྱེ་ཁམས་དབུལ་སྐྱོར་ནས་སྐྱེ་ཁམས་དམངས་ཕྱུག་གི་ཕྱོགས་སུ་བསྐྱོད་ཅིང་། 2016ལོ་ནས་2022ལོའི་བར། བོད་ཀྱིས་ལོ་རེར་ཆ་སྙོམས་བྱས་ན་མང་ཚོགས་ལ་སྐྱེ་ཁམས་སྲུང་སྐྱོང་གི་ལས་གནས་ཁྲི་53.77མཁོ་འདོན་བྱས་པ་དང་རིམ་རྩིས་བྱས་ན་སྐྱེ་ཁམས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་126.37སྤྲད་ཡོད། བོད་ཀྱིས་ད་དུང་སྐྱེ་ཁམས་ཐོན་ལས་དང་ཐཱན་བསྡུས་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་ནས་མང་ཚོགས་ལ་ལྗང་མདོག་ལས་ཞུགས་ལས་གཏོད་བྱ་རྒྱུའི་སྐུལ་ཁྲིད་བྱས་ཡོད།

    རྒྱབ་ཤ་དཀར་པོའི་དེབ་ནང་བསྟན་དོན། བོད་ཀྱི་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་དོན་གཉེར་གྱི་ས་མཐོའི་སྐྱེ་ཁམས་རིག་གནས་ལ་སྔར་བས་སྐུལ་སྤེལ་བྱུང་ཡོད། ཞིང་འབྲོག་པ་མང་པོ་ཞིག་དེ་སྔའི་ཤིང་གཅོད་མཁན་ནས་ཤིང་འདེབས་མཁན་དང་སྲུང་སྐྱོང་མཁན་ལ་གྱུར་བ་དང་། ཕུན་སུམ་ཚོགས་པའི་སྐྱེ་ཁམས་ཐོན་ཁུངས་ནི་ས་གནས་དེ་གའི་མང་ཚོགས་ཀྱིས་མཐོང་ཐུབ་པ་དང་སྲུང་ཐུབ་པའི“བདེ་སྐྱིད་ལྡན་པའི་གཏན་འཇགས་རྒྱུ་ནོར”ལ་གྱུར་ཡོད།

    (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་10ཉིན་འབྱོར་བའི་གློག་འཕྲིན་གཞིར་བཟུང)

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།