དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྙིང་སྟོབས་ཆེར་སྐྱེད་ཀྱིས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་སྐྱེས་སུ་འབུལ་དགོས།

    —— 《དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ལག་ལེན་དང་དེ་བཞིན་དེའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས》ཀྱི་རྒྱབ་ཤ་དཀར་པོའི་དེབ་ལ་རང་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-13

    རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་ཟླ་11ཚེས་10ཉིན་ཁྱབ་བསྒྲགས་བྱས་པའི《དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ལག་ལེན་དང་དེའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས》ཀྱི་རྒྱབ་ཤ་དཀར་པོའི་དེབ་ལ་རང་ལྗོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད། ཚང་མས་རྒྱབ་ཤ་དཀར་པོའི་དེབ་ནང་དངོས་ཡོད་ཀྱི་དཔེ་མཚོན་དང་ཞིབ་ཅིང་བདེན་པའི་གྲངས་གཞིའི་ཐོག་ནས་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པ། སྤྱི་ཚོགས་ཀྱི་སྤྱི་ཡོངས་དེ་བས་བརྟན་ལྷིང་། དཔལ་འབྱོར་དང་རིག་གནས་དེ་བས་དར་རྒྱས། སྐྱེ་ཁམས་ཁོར་ཡུག་སྔར་བས་ལེགས་པ། མི་དམངས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ། ཏང་གི་ཆོས་ལུགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་རྒྱུན་མཐུད་གཏིང་ཟབ་སྤེལ་བ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་རྒྱུན་མཐུད་སྐུལ་འདེད་བཏང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པས་རྒྱང་ལམ་གསར་པར་འབད་འཐབ་བྱེད་བཞིན་པའི་གསོན་ཉམས་དོད་པའི་རྣམ་པ་མངོན་པའི་ངོས་འཛིན་བྱས་ཡོད། ཚང་མས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན་ལས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ནི་རྦད་དེ་ཡང་དག་ཡིན་པ་ར་སྤྲོད་གང་ལེགས་ཐུབ་ཡོད། རྒྱང་ལམ་གསར་པར་འབད་འཐབ་བྱེད་པར་ང་ཚོས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱས་ནས་སྙིང་སྟོབས་ཆེར་སྐྱེད་དང་ཞུམ་མེད་མདུན་སྐྱོད་ཀྱིས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་བཤད་པ་རེད།

    རྒྱབ་ཤ་དཀར་པོའི་དེབ་ནང་རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་གཞི་རྩའི་ཆ་ནས་བཙུགས་ཟིན་ཞིང་། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་རོགས་སྐྱོབ་གཏན་འཁེལ་བྱེད་པའི་ལས་དོན་ལ་དམིགས་ཏེ། ཆ་རྐྱེན་དང་མཐུན་པའི་དཀའ་ངལ་ཡོད་པའི་མང་ཚོགས་ཚང་མ་དམིགས་བསལ་དཀའ་ངལ་ཡོད་པའི་རོགས་སྐྱོབ་བསྙེན་བཀུར་གྱི་ཁྱབ་ཁོངས་སུ་བཅུག་ནས་གཞི་རྩའི་འཚོ་བའི་ཆ་རྐྱེན་དང་། ལྟ་རྟོག་ཞབས་ཞུ། ནད་གཞི་སྨན་བཅོས། པུར་སྐྱེལ་ཞབས་ཞུ་སོགས་ཐད་འགན་ལེན་བྱས་ཡོད། མིག་སྔའི་བར་ལྗོངས་ཡོངས་སུ་དམིགས་བསལ་དཀའ་ངལ་ཡོད་པའི་རོགས་སྐྱོབ་བསྙེན་བཀུར་བྱ་ཡུལ་ཁྱོན་12505ཡོད་པའི་ནང་གཅིག་སྡུད་བསྙེན་བཀུར་བྱ་ཡུལ་5751དང་ཁ་ཐོར་བསྙེན་བཀུར་བྱ་ཡུལ་6754ཡོད་པ་དང་འདོད་མོས་ཡོད་པའི་དམིགས་བསལ་དཀའ་ངལ་ཡོད་པར་གཅིག་སྡུད་བསྙེན་བཀུར་བྱེད་ཚད་100%ཟིན་ཡོད་པ་རེད།

    “གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་སུ་སྤོས་རྗེས་ནད་གཡོག་གིས་ང་ལ་གྱོན་གོས་བཀྲུ་རོགས་དང་། སེན་མོ་འབྲེག་རོགས། ཉལ་གདན་འདིང་རོགས་བྱས་ནས་ང་ལ་ནང་མི་ལྟ་བུའི་དྲོ་སྐྱིད་སྦྱིན་བྱུང”ཞེས་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་ཚེ་ཐར་གྱིས་བཤད། ཚེ་ཐར་འགྲོ་སྐྱོད་སྟབས་མི་བདེ་བའི་ཁར་ལྟ་རྟོག་བྱེད་མཁན་མེད་པའི་དབང་གིས་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་སུ་སྤོས་པས་ལྟ་རྟོག་ཞིབ་ཚགས་བྱེད་མཁན་བྱུང་ཡོད།

    རྒྱབ་ཤ་དཀར་པོའི་དེབ་ནང་བཏོན་པའི“སློབ་གསོའི་བྱ་གཞག་ལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཕྱིན་ཞིང་། སློབ་ཞུགས་གོང་གི་སློབ་གསོ་དང་། རྨང་གཞིའི་སློབ་གསོ། ལས་རིགས་སློབ་གསོ། མཐོ་རིམ་སློབ་གསོ། རྒྱུན་མཐུད་སློབ་གསོ། དམིགས་བསལ་སློབ་གསོ་བཅས་ཚུད་པའི་ཅུང་ཆ་ཚང་བའི་དེང་རབས་སློབ་གསོའི་མ་ལག་ཅིག་གྲུབ་ཡོད”བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་མར་ལེ་སློབ་དཔྱོད་ཁང་གི་ཀྲུའུ་རེན་ཀྲང་ཨའེ་ཕིང་གིས“ངས་བོད་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཕྱིན་པའི་དཔང་པོ་བྱེད་ཐུབ། ད་ཆ་བོད་དུ་ཅུང་ཆ་ཚང་བའི་དེང་རབས་སློབ་གསོའི་མ་ལག་བཙུགས་པ་དང་། ལྷག་པར་དུ་ལས་རིགས་སློབ་གསོ་འཕེལ་རྒྱས་མྱུར་པོ་ཕྱིན་ནས་བོད་ཀྱི་རྩལ་ནུས་སློབ་གསོའི་ཁྱབ་ཁོངས་ཀྱི་སྟོང་ཆ་མང་པོ་བསྐངས་ཡོད། བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་དེ་ཐོག་མའི་སློབ་མ་2000ལྷག་ཙམ་གྱི་སློབ་བསྡུའི་གཞི་ཁྱོན་ནས་ད་ཆའི་སློབ་མ་6000ལྷག་ཙམ་བར་འཕེལ་རྒྱས་ཕྱིན་ཡོད། སློབ་མའི་གྲངས་འབོར་དང་སྤུས་ཚད་རྒྱུན་མཐུད་མཐོ་རུ་ཕྱིན་པ་དེ་ཐོག་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ནི་དངོས་སྒྲུབ་དང་། ཡང་དག་པ། མཁས་མཛངས་ལྡན་པ། རླབས་ཆེ་བ་བཅས་ཡིན་པ་ར་སྤྲོད་གང་ལེགས་ཐུབ་ཡོད”ཅེས་བཤད།

    ཧྭ་གློག་བོད་ལྗོངས་ཀུང་སིའི་གྲོང་གསེབ་དར་རྒྱས་ཀྱི་ཆེད་འགན་ལས་བྱེད་པ་དགེ་ལེགས་དབང་ཕྱུག་གིས་གསར་འགོད་པར“རྒྱབ་ཤ་དཀར་པོའི་དེབ་ཡོངས་བསྒྲགས་བྱས་པའི་ཉིན་དེ་རང་ལ་ངས་སློབ་སྦྱོང་བྱས་པ་ཡིན། རྒྱབ་ཤ་དཀར་པོའི་དེབ་ཡོངས་བསྒྲགས་བྱས་པ་དེས་ང་ཚོ་གྲོང་ཚོར་བཅའ་སྡོད་ལས་བྱེད་པས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པར་བརྟེན་ནས་གྲོང་གསེབ་དར་རྒྱས་གཏོང་བའི་ལས་དོན་ལ་སྐུལ་འདེད་ཇི་ལྟར་གཏོང་བར་ཁ་ཕྱོགས་གསལ་སྟོན་བྱས་འདུག”ཅེས་བཤད།

    དགེ་ལེགས་དབང་ཕྱུག་གིས་ངོ་སྤྲོད་བྱས་པར་གཞིགས་ན། དུས་ཡུན་རིང་པོར་ཧྭ་གློག་བོད་ལྗོངས་ཀུང་སིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་གྲོང་གསེབ་དར་རྒྱས་གཏོང་རོགས་བྱས་ནས་གཞི་རིམ་གྱི་གྲོང་གསེབ་ལ་བོད་ཀྱི་སྤོ་ལོའི་ཤིང་བརྐོས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཐོན་ལས་འཕེལ་རྒྱས་གཏོང་རོགས་བྱས་པར་རིམ་རྩིས་བྱས་ན་མང་ཚོགས་ལ་འབབ་འཕར་སྒོར་དུང་ཕྱུར་1.2བྱུང་བ་དང་ལས་གནས་2800ལྷག་ཙམ་མཁོ་འདོན་བྱས་ཡོད། “རྒྱང་ལམ་གསར་པར་བསྐྱོད་རྗེས་ང་ཚོས་རྒྱབ་ཤ་དཀར་པོའི་དེབ་འགྲེམས་སྤེལ་བྱས་པ་གོ་སྐབས་སུ་བྱས་ནས‘དོན་ཆེན་བཞི’ལ་དམ་པོར་དམིགས་ནས་ཐོན་ལས་དང་། ལས་ཞུགས། དམངས་འཚོ་སོགས་ཀྱི་རོགས་སྐྱོར་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ་གྲོང་གསེབ་དར་རྒྱས་གཏོང་བར་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན”ཞེས་དགེ་ལེགས་དབང་ཕྱུག་གིས་བཤད། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། འཕེལ་རྒྱས་ཡོད་ཚད་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དོན་སྙིང་ལྡན་པ་དང་། གཅིག་གྱུར་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་དོན་སྙིང་ལྡན་པ། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་ཏུ་སྒྲིལ་བའི་དོན་སྙིང་ལྡན་པ་བཅས་མཐའ་འཁྱོངས་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་གཏོང་རྒྱུར་ཕན་པ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞིར་དམ་འཛིན་ཏན་ཏིག་བྱས་ཚེ། གཞི་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་ལེན་བྱེད་ཐུབ་པ་ལག་ལེན་ལས་ར་སྤྲོད་གང་ལེགས་བྱུང་ཡོད། དེ་དག་རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློའི་ངོས་འཛིན་གཅིག་མཐུན་དང་རང་རྟོགས་ཀྱི་བྱ་སྤྱོད་ཅིག་ཏུ་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།