རྒྱལ་ཡོངས་ཀྱི་ས་བབ་མཐོ་ཤོས་ཀྱི་དམིགས་བསལ་སློབ་གསོའི་སློབ་གྲྭ་མཚོ་སྔོན་མགོ་ལོག་ཀྲོའུ་རུ་སློབ་འགོ་ཚུགས་པ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་11ཚེས་4ཉིན། རྒྱལ་ཡོངས་ཀྱི་ས་བབ་མཐོ་ཤོས་ཀྱི་དམིགས་བསལ་སློབ་གསོའི་སློབ་གྲྭ་སྟེ། མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་དམིགས་བསལ་སློབ་གསོའི་སློབ་གྲྭ་སློབ་འགོ་ཚུགས་པའི་མཛད་སྒོ་འཚོགས་པ་རེད། སློབ་གྲྭ་དེ་དངོས་སུ་སྤྱོད་འགོ་ཚུགས་པ་དེས་མཚོ་སྔོན་ཞིང་ཆེན་གྱི་དམིགས་བསལ་སློབ་གསོའི་སློབ་གྲྭ་མེད་པའི་ཀྲོའུ་མཐའ་མ་དེའི་སྟོང་ཆ་བསྐངས་བ་རེད།
མགོ་ལོག་ཀྲོའུ་དམིགས་བསལ་སློབ་གསོའི་སློབ་གྲྭ་2020ལོའི་ཟླ་བདུན་པར་སྐྲུན་འགོ་ཚུགས་ཤིང་། ཁྱོན་མ་དངུལ་སྒོར་ཁྲི་2823བཏང་བ་དང་། འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་ངོས་གྲུ་5249.53ཟིན་ཡོད། དེ་གར་བདེ་ཐང་སླར་གསོའི་སྦྱོང་བརྡར་ཁང་དང་སྐད་ཡིག་སྦྱོང་བརྡར་སློབ་ཁང་སོགས་བྱེད་ནུས་སློབ་ཁང་མང་པོ་བཙུགས་པ་དང་སྒྲིག་ཆས་ཆ་ཚང་པོ་ཡོད། 2021ལོའི་ཟླ་9པར་བསྐྲུན་ཟིན་ནས་ཚོད་ལྟའི་བེད་སྤྱོད་བྱེད་འགོ་ཚུགས་ཡོད། རྗེས་སུ་རྨ་སྟོད་ཀྱི“5·22”ས་ཡོམ་གྱི་གཏོར་སྐྱོན་ཕོག་པས་སླར་ཡང་ཉམས་གསོ་བྱས་པ་བརྒྱུད་ཟླ་11ཚེས་4ཉིན་དངོས་སུ་སྤྱོད་འགོ་ཚུགས་ཡོད། མིག་སྔར་དམིགས་བསལ་སློབ་གསོའི་སློབ་གྲྭར་དགེ་རྒན་དང་ལས་བཟོ་16དང་ཆེད་བསྐོས་དགེ་རྒན་6ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། མགོ་ལོག་ཀྲོའུ་དབང་སྐྱོན་བྱིས་པའི་འོས་འགན་སློབ་གསོའི་ན་འདྲེས་སློབ་ཞུགས་ཐུབ་ཚད་96.12%ཟིན་ཡོད། 2020ལོ་ཚུན། མགོ་ལོག་ཀྲོའུ་ཡིས་ཆ་སྙོམས་ལོ་ལྟར་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་མ་དངུལ་སྒོར་ཁྲི་200ཙམ་བརྩོན་ལེན་བྱས་ནས་དམིགས་བསལ་སློབ་གསོའི་སློབ་གྲྭ་1གི་སློབ་གཉེར་ཆ་རྐྱེན་ལེགས་སུ་བཏང་སྟེ། སློབ་ལོ་ལོན་པའི་དབང་སྐྱོན་ཚབས་ཆེན་གྱི་ལོ་ཆུང་བྱིས་པར་སྒོ་ཁར་སློབ་ཁྲིད་བྱེད་པའི་ཞབས་འདེགས་ཞུས་ནས་དབང་སྐྱོན་ལོ་ཆུང་བྱིས་པ་སྣ་ཚོགས་ཀྱི་སློབ་གསོ་མྱོང་བའི་དགོས་མཁོ་བསྐངས་ཡོད། དམིགས་བསལ་སློབ་གསོ་སློབ་གསོའི་རོགས་དངུལ་རོགས་སྐྱོར་སྲིད་ཇུས་ཀྱི་ཁྱབ་ཁོངས་སུ་བཅུག་ནས་ལོ་རེར་ཆ་སྙོམས་སྒོར་ཁྲི་12སྤྲད་པ་དང་། འོས་འགན་སློབ་གསོའི་དུས་མཚམས་ཀྱི་དབང་པོ་སྐྱོན་ཅན་སློབ་མ་མི་རེར་ལོ་རེར་ཆ་སྙོམས་གྲོན་དངུལ་སྒོར་6000སྤྲད་པ། མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་དབང་པོ་སྐྱོན་ཅན་སློབ་མའི་སློབ་ཞུགས་རོགས་དངུལ་སློབ་མ་མི་རེར་ལོ་རེར་སྒོར་2000སྤྲད་པ། སྒོ་ཁར་སློབ་ཁྲིད་བྱེད་སའི་དབང་སྐྱོན་ཚབས་ཆེན་སློབ་མ་མི་རེར་ལོ་རེར་སྒོར་6000སྤྲད་པ་བཅས་ལས་སློབ་གསོ་སློབ་ཁྲིད་ལ་གཞི་རྩའི་ཆ་ནས་འགན་ལེན་ཐུབ་ཡོད། མིག་སྔར་མགོ་ལོག་ཀྲོའུ་རུ“སློབ་གྲྭ་དཀྱུས་མར་གྲལ་སྡོད་མཉམ་སྦྱོང་གཙོ་བོར་བྱེད་པ་དང་། དམིགས་བསལ་སློབ་གསོའི་སློབ་གྲྭ་རྐང་འཛིན་དུ་བྱེད་པ། སྒོ་ཁར་སློབ་ཁྲིད་བྱེད་པར་སྐྱོད་པའི་ཞབས་འདེགས་ཁ་གསབ་ཏུ་བྱེད་པ”བཅས་ཀྱི་དབང་པོ་སྐྱོན་ཅན་གྱི་སློབ་ལོ་ལོན་པའི་བྱིས་པའི་སློབ་གསོ་འཕེལ་རྒྱས་ཀྱི་རྣམ་པ་ཆགས་ཡོད་པ་རེད།