དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཞིང་ཆེན་གྱིས《སྐྱེ་ཁམས་སློབ་གྲྭའི་དཔྱད་བསྡུར་གཏན་འབེབས་ཀྱི་མཛུབ་ཁྲིད་རྩ་འཛིན》གྱི་ས་གནས་ཀྱི་ཚད་གཞི་ཐོག་མ་འགྲེམས་སྤེལ་བྱ་རྒྱུར་ཆོག་མཆན་སྤྲད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-11-12

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་11ཚེས་3ཉིན་གསར་འགོད་པར་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་སློབ་གསོའི་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད། 2023ལོའི་ཟླ་10པར་མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས《སྐྱེ་ཁམས་སློབ་གྲྭའི་དཔྱད་བསྡུར་གཏན་འབེབས་ཀྱི་མཛུབ་ཁྲིད་རྩ་འཛིན》དངོས་སུ་བཀྲམ་པ་རེད། 《མཛུབ་ཁྲིད་རྩ་འཛིན》དེ་ནི་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་དང་། མཚོ་སྔོན་ཞིང་ཆེན་ནགས་རྩྭ་ཅུས། མཚོ་སྔོན་དགེ་འོས་སློབ་ཆེན། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་བཅས་ཀྱིས་བཟོས་པ་དང་། སྐྱེ་ཁམས་སློབ་གྲྭ་འཛུགས་གཏོད་དང་དེ་བཞིན་དཔྱད་བསྡུར་གཏན་འབེབས་ལས་དོན་སྤེལ་རྒྱུར་གཞི་འཛིན་ས་དང་ཕྱོགས་སྟོན་མཁོ་འདོན་བྱ་རྒྱུ་རེད།

    《མཛུབ་ཁྲིད་རྩ་འཛིན》དུ་སྐྱེ་ཁམས་སློབ་གྲྭ་འཛུགས་སྐྲུན་གྱི་ཐོབ་ཐང་ཞིབ་དཔྱད་དང་། སློབ་ཚན་བཀོད་སྒྲིག དོ་དམ་གསོ་སྦྱོང་། གདེང་འཇོག་ལྟ་སྐུལ་བཅས་ཚད་ལྡན་དུ་གཏོང་རྒྱུ་དམིགས་ཚད་དུ་བྱས་ནས་ས་གནས་ས་ཐོག་ཏུ་བཅར་འདྲི་བརྟག་ཞིབ་དང་རིགས་གཅིག་མཁས་ཅན་གྱིས་རིགས་པས་ཁུངས་སྐྱེལ་ཐེངས་མང་བྱས་པ་བརྒྱུད་རྨང་གཞིའི་སྒྲིག་བཀོད་དང་། སྒྲིག་གཞི་འཛུགས་པ། ཡིག་ཚགས་དོ་དམ་གྱི་ཚུར་ལན་ལས་སྟེགས་སོགས་ཕྱོགས་མང་པོར་དམིགས་ནས་སློབ་གྲྭས་རང་བྱུང་སློབ་གསོའི་ལས་དོན་སྤེལ་རྒྱུར་ཆེད་ལས་ཀྱི་གཞི་འཛིན་ས་མཁོ་འདོན་བྱས་པ་དེས་མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་སློབ་གསོའི་ལས་དོན་ཚད་ལྡན་ཅན་དང་ཆེད་ལས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།

    མཚོ་སྔོན་ཞིང་ཆེན་ནགས་རྩྭ་ཅུས་དང་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་གིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཚད་གཞི་ལག་བསྟར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། སློབ་གྲྭས་ཚད་གཞི་དང་བསྡུར་ནས་རང་དཔྱད་བྱེད་པར་ལྕག་སྐུལ་དང་མཛུབ་ཁྲིད་བྱེད་པ། སློབ་གྲྭའི་རང་བྱུང་སློབ་གསོ་དེ་རང་ཞིང་ཆེན་གྱི་ཀུན་སྤྱོད་སློབ་གསོའི་མ་ལག་གི་ལྷུ་ཚིགས་གལ་ཆེན་ཞིག་ཏུ་འགྱུར་བར་རྒྱབ་སྐྱོར་དང་སྐུལ་འདེད་གཏོང་བ། སློབ་མར“རང་བྱུང་ལ་བརྩི་འཇོག་དང་། རང་བྱུང་དང་བསྟུན་པ། རང་བྱུང་ལ་སྲུང་སྐྱོང”བཅས་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་འདུ་ཤེས་འཛུགས་པར་ཁྲིད་སྟོན་བྱ་རྒྱུ་རེད།

    མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་རིག་གནས་ཞིབ་འཇུག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དེ་རང་འཁྲིའི་ལས་འགན་དུ་བརྩིས་ནས་རྒྱལ་ཁབ་སྤྱི་གླིང་གི་དམངས་ཡོངས་ཀྱི་སྤྱི་ཕན་རང་བཞིན་གྱི་ངེས་གནས་དང་ནུས་པ་ཆེ་རུ་གཏོང་བ་དང་གླིང་ཁུལ་ནང་གི་ཐུན་མོང་མ་ཡིན་པའི་རང་བྱུང་ཐོན་ཁུངས་ལ་དམིགས་ཏེ་ཚན་རིག་ཁྱབ་གདལ་གྱི་དྲིལ་བསྒྲགས་སློབ་གསོ་དང་། ཡུལ་སྐོར་དང་ངལ་གསོ་ཉམས་ལེན། རང་བྱུང་སློབ་གསོའི་སློབ་ཁང་། དམིགས་བསལ་གཉེར་སྐྱོང་སོགས་རྣམ་པ་སྣ་ཚོགས་ཀྱི་བྱེད་སྒོ་བརྒྱུད་སློབ་གྲྭ་འབྲིང་ཆུང་གི་སློབ་མ་དང་། མཐུན་འཕྲོད་མི་ཚོགས། དགོས་མཁོ་ཡོད་པའི་མི་ཚོགས་བཅས་ཀྱིས་རང་བྱུང་ལ་ངོས་འཛིན་དང་རང་བྱུང་ཤེས་རྟོགས་བྱེད་པའི་ཁྲོད་རང་བྱུང་ལ་དཔེ་ལྟ་བ་དང་རང་བྱུང་གྲོགས་སུ་བསྟེན་ཏེ་སྐྱེ་ཁམས་སྲུང་སྐྱོང་དང་རང་བྱུང་སྲུང་སྐྱོང་གི་དོན་སྙིང་གལ་ཆེན་ཤེས་རྟོགས་དང་ངོས་འཛིན་གཏིང་ཟབ་བྱ་རྒྱུ་རེད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།