རྔ་པའི་འབར་ཁམས་ཀྱི་འགྲུལ་པའི་ཞབས་ཞུ་བསྡུ་འགྲེམས་ལྟེ་གནས་ཀྱི་རྣམ་གྲངས་ཚ་ཚ་འུར་འུར་ངང་སྐྲུན་བཞིན་པ།
རྔ་པ་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། སྨྱུག་འཛིན་པས་རྔ་པའི་འབར་ཁམས་འགྲུལ་པའི་ཞབས་ཞུ་བསྡུ་འགྲེམས་ལྟེ་གནས་ཀྱི་རྣམ་གྲངས་སྐྲུན་ཡུལ་དུ་ལས་མི་ཚོ་ལྕགས་རྩིབས་སྒྲིག་པ་དང་། ཨར་འདམ་བརྫི་བ། གྱང་བརྩིག་པ། ཨར་འདམ་དབོར་བ། ཚ་ལ་རྒྱག་པ་སོགས་ཀྱི་ལས་ལ་བྲེལ་ནས་ཚ་ཚ་འུར་འུར་གྱི་རྣམ་པས་ཁེངས་པ་མཐོང་བྱུང་།
འབར་ཁམས་འགྲུལ་པ་བསྡུ་འགྲེམས་ལྟེ་གནས་ཀྱི་རྣམ་གྲངས་པུས“བདེ་འཇགས་ཨང་དང་པོར་འཇོག་པ་དང་། སྔོན་འགོག་གཙོ་བོར་འཛིན་པ། ཕྱོགས་བསྡུས་བཅོས་སྐྱོང”བཅས་ཀྱི་འདུ་ཤེས་བཟུང་ནས་རྣམ་གྲངས་འཛུགས་སྐྲུན་ལ་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་རེད། དེ་དང་ཆབས་ཅིག་བདེ་འཇགས་ཀྱི་སྤུས་ཚད་དང་བདེ་འཇགས་ཀྱི་རང་སྡོམ་ལ་ཤུགས་སྣོན་རྒྱག་པ་དང་། ཉེན་ཁ་གསལ་བཤད་བྱང་བུ་བཟོ་བ། ཨར་ལས་ཀྱི་ཉེན་ཁ་གཙོ་བོ་སྤྱི་བསྒྲགས་བྱེད་པ་བཅས་ལ་བརྟེན་ནས་ཨར་པོ་བས་ཨར་པོ་རྒྱག་སར་བདེ་འཇགས་ཐོན་སྐྱེད་ཀྱི་འབྲེལ་ཡོད་བླང་བྱར་ནན་པོར་གཞིགས་ནས་ལས་ཀ་བྱེད་པ་དང་བདེ་འཇགས་ཀྱི་རྩ་བ་དམ་པོར་བཟུང་སྟེ་བདེ་འཇགས་དང་ཡ་རབས་ངང་ཨར་ལས་ལ་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། འབར་ཁམས་འགྲུལ་པའི་ཞབས་ཞུ་བསྡུ་འགྲེམས་ལྟེ་གནས་དེ་འབར་ཁམས་གྲོང་ཁྱེར་གྱི་ཅོག་ཙེར་གནས་ཤིང་། གྲོང་ཁུལ་དང་བར་ཐག་སྤྱི་ལེ་5ཙམ་དང་ཅོག་ཙེ་མཛེས་ལྗོངས་ཁུལ་དང་བར་ཐག་སྤྱི་ལེ་1ཙམ་ཡོད་པ་རེད། བྱང་དུ་རྒྱལ་ལམ་317དང་ལྷོ་རུ་སོ་མང་གཙང་པོ་གནས་ཁར། མཐའ་བཞི་རི་ཚོགས་ཀྱིས་བསྐོར་བ་དང་རྣམ་གྲངས་ཀྱི་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་ངོས་གྲུ་36498.37ཟིན་གྱི་ཡོད་པ་རེད། རྣམ་གྲངས་དེ་བསྐྲུན་རྗེས་ཡུལ་སྐོར་དང་། ཚོགས་འདུ། ཁྱད་ལྡན་ཞིང་ལས་ཐོན་རྫས་བྲིན་ཚོང་། ཁྱད་ལྡན་བཟའ་བཏུང་སོགས་གཞི་གཅིག་ཏུ་འདུས་པའི་འགྲུལ་པའི་ཞབས་ཞུ་བསྡུ་འགྲེམས་ལྟེ་གནས་ཧུར་ཐག་གཏོད་རྒྱུ་རེད།