དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • འཛམ་གླིང་དམག་ཆེན་དང་པོའི་སྐབས་ཀྱི་ཀྲུང་གོའི་ངལ་རྩོལ་བཟོ་པར་དྲན་གསོ་ཞུ་བའི་མཛད་སྒོ་ཕ་རི་སིར་འཚོགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-11-11

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཕ་རི་སི་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཧྥ་རན་སེར་ཡོད་པའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་སོགས་ཀྱིས་ཧྥ་རན་སེའི་ཕ་རི་སིའི་རྒྱལ་ཁའི་སྒོ་མོར་མཛད་སྒོ་འཚོགས་ཏེ། འཛམ་གླིང་དམག་ཆེན་དང་པོའི་ནང་ཧྥ་རན་སེར་གྲོངས་པའི་ཀྲུང་གོའི་ངལ་རྩོལ་བཟོ་པར་དྲན་གསོ་ཞུས་པ་རེད།

    ཧྥ་རན་སེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་ཕྱིར་སྡོད་རང་མིའི་ཁེ་སྐྱོང་ལས་དོན་ཁྲུའི་ཚན་ཙན་དབན་ལེ་ཡིས་ཤིས་ཚིག་བསྒྲོན་སྐབས། ལོ་100ལྷག་ཙམ་གྱི་གོང་དུ་འཛམ་གླིང་དམག་ཆེན་དང་པོའི་སྐབས་ཀྱི་ཀྲུང་གོའི་བཟོ་པ་ཁྲི་14ཙམ་གྱིས་རྒྱ་མཚོ་ཆེན་པོ་བརྒལ་ནས་ཡོ་རོབ་ཏུ་ཡོང་སྟེ། དཀའ་ཚེགས་ཆེ་བའི་ཁོར་ཡུག་ཁྲོད་དུ་ལྗིད་རྫོབ་ཆེ་ལ་ཉེན་ཁའང་ཆེ་བའི་ལས་ཀ་བྱས་ཤིང་། དེའི་ཁྲོད་ནས་མི་ཁྲི་2ལྷག་ཙམ་གྱིས་རང་སྲོག་བློས་བཏང་ཡོད། ཧྥ་རན་སེར་ཡོད་པའི་ཕྱིར་སྡོད་སྤུན་ཟླས་ཐུན་མོང་ཐོག་ལོ་རྒྱུས་དེར་དྲན་གསོ་ཞུས་པ་དེའང་། རང་ཉིད་དང་མི་རབས་རྗེས་མར་ཞི་བདེ་ནི་རྩ་ཆེན་ཡིན་པ་དེ་བས་ཀྱང་ཤེས་པར་བྱ་རྒྱུའི་སློབ་གསོ་གཏོང་བའི་ཆེད་དུ་ཡིན་ཞེས་བརྗོད་པ་རེད།

    ཧྥ་རན་སེའི་རྒྱལ་ཁོངས་ཕྱི་རྒྱལ་གྱི་པིང་ཐོན་གྱི་དམག་ཞབས་ཐིམ་པའི་ཕྱི་ཁོངས་ཀྲུང་གོ་བའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཞུས་ཏ་ཡུས་ཀྱིས། ད་ཐེངས་ཀྱི་བྱེད་སྒོ་བརྒྱུད་མི་དེ་བས་མང་པོར་ཀྲུང་གོའི་བཟོ་པས་འཛམ་གླིང་དམག་ཆེན་དང་པོར་ལེགས་སྐྱེས་ཕུལ་བ་ཤེས་སུ་འཇུག་རྒྱུའི་རེ་བ་ཡོད། དེ་ཧྥ་རན་སེར་ཡོད་པའི་ཕྱི་ཁོངས་ཀྲུང་གོ་བ་དང་དེ་བཞིན་མི་རབས་རྗེས་མའི་ངོས་ནས་བརྗོད་ན་སློབ་གསོའི་དོན་སྙིང་ཧ་ཅང་ཆེན་པོ་ལྡན་པ་ཞིག་རེད་ཅེས་བརྗོད་པ་རེད།

    འཛམ་གླིང་དམག་ཆེན་དང་པོ་1914ལོར་ལངས་པ་དང་དམག་ས་གཙོ་བོ་ཡོ་རོབ་ཏུ་ཡོད། འབྲེལ་ཡོད་དཔྱད་ཡིག་ལས་མངོན་པར། ཧྥ་རན་སེ་དང་དབྱིན་ཇིས་ཀྲུང་གོའི་ངལ་རྩོལ་བཟོ་པ་ཁྲི་14ཙམ་བསྡུས་ནས་ཡོ་རོབ་ཀྱི་དམག་ས་ནུབ་མར་བཏང་ཡོད། ཁོང་ཚོས་གཙོ་བོ་འགྲོ་ལམ་བཟོ་བ་དང་། འཕྲུལ་ཆས་ཉམས་བཟོ། དངོས་ཟོག་སྐྱེལ་འདྲེན། འཐབ་ས་གཙང་ཕྱག་སོགས་དཀའ་ཚེགས་དང་ལྗིད་རྫོབ་ཆེ་བའི་ལས་ཀ་བྱས་ཤིང་། འཛམ་གླིང་དམག་ཆེན་དང་པོའི་རིང་ཀྲུང་གོའི་བཟོ་པ་ཁྲི་2ཙམ་རང་སྲོག་ཤོར་བའམ་ཡང་ན་གར་སོང་ཆ་མེད་དུ་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།