ཕྱི་འབྲེལ་པུའི་མགྲིན་ཚབ་པས་བརྗོད་དོན།
ཀྲུང་གོ་ཕྱོགས་ཀྱིས་ཅ་ཧྲ་ཁུལ་གྱི་ཉིན་བཞིན་ཛ་དྲག་ཏུ་འགྲོ་བཞིན་པའི་མི་ཆོས་ཆག་སྒོར་སེམས་ཁྲལ་བྱེད་ཀྱི་ཡོད།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཚེས་8ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་དབང་ཝུན་པིན་གྱིས་ཀྲུང་གོ་ཕྱོགས་ཀྱིས་ཕ་དབྱིའི་གདོང་ཐུག་ཁྲོད་རྐྱེན་ལམ་དུ་ཤོར་བའི་ཕྱོགས་གཉིས་པོའི་དམངས་ཚོགས་ལ་སེམས་སྡུག་ཆེན་པོ་སྐྱེ་ཡི་འདུག་ལ་ཅ་ཧྲ་ཁུལ་གྱི་ཉིན་བཞིན་ཛ་དྲག་ཏུ་འགྲོ་བཞིན་པའི་མི་ཆོས་ཆག་སྒོར་སེམས་ཁྲལ་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།
ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུར་གསར་འགོད་པ་ཞིག་གིས། ཕ་དབྱི་དབར་རེས་སྐོར་འདིའི་གདོང་ཐུག་བྱུང་ནས་ཟླ་གཅིག་སོང་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དམག་མཚམས་འཇོག་རྒྱུའི་འབོད་སྐུལ་ཐེངས་མང་བྱས་ཀྱང་གདོང་ཐུག་སྔར་བཞིན་ཐོན་ནས་མི་སེར་ཤི་རྨས་བྱུང་ཚད་ཟམ་མི་ཆད་པར་མང་དུ་འགྲོ་བཞིན་ཡོད། མགྲིན་ཚབ་པས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ། ཀྲུང་གོ་ཕྱོགས་ཀྱིས་དུས་བབ་ཞི་ལྷོད་དུ་འགྲོ་བར་སྐུལ་འདེད་གཏོང་ཆེད་བྱེད་ཐབས་དེ་བས་མང་བ་འདོན་རྒྱུ་ཡིན་ནམ་ཞེས་དྲིས།
དབང་ཝུན་པིན་གྱིས་འདས་མ་ཐག་པའི་ཟླ་བ་དེ་ཕ་ལེ་སི་ཐན་མི་དམངས་ཀྱི་ངོས་ནས་བརྗོད་ན་ཧ་ཅང་འཁྱོལ་དཀའ་བ་ཞིག་རེད། བུད་མེད་དང་བྱིས་པ་མང་པོ་ཚུད་པའི་ཕ་ལེ་སི་ཐན་བ་ཁྲི་གཅིག་ལྷག་ཙམ་གྱི་ཚེ་སྲོག་ཤོར་ཡོད་ལ། མི་སེར་ཤི་རྨས་བྱུང་ཚད་ད་དུང་ཉིན་རེ་བཞིན་འཕར་བཞིན་ཡོད་ཅེས་བརྗོད།
“ང་ཚོས་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གདོང་ཐུག་ནང་རྐྱེན་ལམ་དུ་ཤོར་བའི་ཕྱོགས་གཉིས་པོའི་དམངས་ཚོགས་ལ་སེམས་སྡུག་ཆེན་པོ་སྐྱེ་ཡི་འདུག་ལ། ཅ་ཧྲ་ཁུལ་དུ་ཉིན་བཞིན་ཛ་དྲག་ཏུ་འགྲོ་བཞིན་པའི་མི་ཆོས་ཆག་སྒོར་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད། དབྱི་སི་རལ་དང་ཕ་ལེ་སི་ཐན་གྱི་དམངས་ཚོགས་གང་ཞིག་ཡིན་རུང་ཚང་མ་དྲག་པོའི་འཇབ་རྒོལ་ཕོག་སར་འགྱུར་མི་རུང་ལ་མཉམ་སྡེབ་ལ་ཆད་པ་གཅོད་ཡུལ་དུའང་འགྱུར་མི་རུང” དབང་ཝུན་པིན་གྱིས་གཏུམ་སྤྱོད་ལ་བརྟེན་ན་བདེ་འཇགས་ཡོང་ཐབས་མེད་ལ་དྲག་ཤུགས་ལ་བརྟེན་ན་ཡུན་རིང་ཞི་བདེ་ཡོང་ཐབས་མེད། བཀག་ཉར་བྱས་པའི་མི་སེར་གློད་པ་དང་། མི་སེར་དང་དམངས་སྤྱོད་སྒྲིག་བཀོད་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་པ། མི་ཆོས་རོགས་སྐྱོབ་ཀྱི་བགྲོད་ལམ་གསར་འབྱེད་བྱེད་པ། སྐད་ཆ་ཤོད་རེས་དང་གྲོས་མོལ་བསྐྱར་དུ་བྱ་རྒྱུ་བཅས་ནི་འབྲེལ་ཡོད་དོ་བདག་ཕྱོགས་ཀྱིས་འཁུར་དགོས་པའི་འགན་འཁྲི་ཡིན་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འབད་བརྩོན་ཆེན་པོས་མངོན་འགྱུར་བྱེད་དགོས་པའི་དམིགས་ཚད་ཀྱང་རེད་ཅེས་བརྗོད།
དབང་ཝུན་པིན་གྱིས་བརྗོད་དོན། ཕ་ལེ་སི་ཐན་དང་དབྱི་སི་རལ་དབར་རེས་སྐོར་འདིའི་གདོང་ཐུག་བྱུང་ཚུན། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་དུས་བབ་ཞི་ལྷོད་དུ་འགྲོ་བ་དང་དམག་མཚམས་འཇོག་རྒྱུར་སྐུལ་འདེད་གཏོང་བར་མཐའ་གཅིག་ཏུ་གཞོལ་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕ་ལེ་སི་ཐན་དང་དབྱི་སི་རལ་དབར་གྱི་ཡང་སྐོར་བསྐྱར་སྐོར་གྱི་གདོང་ཐུག་ཐག་གཅོད་བྱེད་པའི་གཞི་རྩའི་ཐབས་ལམ་ནི“རྒྱལ་ཁབ་གཉིས་པོའི་ཇུས་གཞི”དོན་འཁྱོལ་བྱ་རྒྱུ་དེ་རེད་ཅེས་གསུངས་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་18ཀྱི་ཕྱི་འབྲེལ་པུའུ་ཀྲང་དང་། འགན་འཁུར་བ། དེ་བཞིན་འབྲེལ་ཡོད་སྲིད་ཕྱོགས་མི་སྣ་བཅས་དང་འབྲེལ་གཏུག་གཏིང་ཟབ་བྱས་ཡོད། ཀྲུང་གོ་སྲིད་གཞུང་གི་འཛམ་གླིང་དབུས་ཤར་གནད་དོན་གྱི་ཆེད་བསྐོས་ཕོ་ཉ་ཀྲའེ་ཅུན་གྱིས་འཛམ་གླིང་དབུས་ཤར་ས་ཁུལ་གྱི་རྒྱལ་ཁབ་ལྔ་པོར་འཚམས་འདྲི་བྱས་པ་དང་འབྲེལ་ཁེ་རོའི་ཞི་བདེའི་དབུ་ཚོགས་ལ་ཞུགས་ནས་ཕྱོགས་ཁག་གི་ལས་དོན་རྒྱ་ཁྱབ་ངང་བསྒྲུབས་པ་དང་འབྲེལ་ཟླ་11ཚེས་9ཉིན་ཧྥ་རན་སེར་འཚོགས་པའི་ཅ་ཧྲའི་ཁུལ་གྱི་མི་སེར་ལ་རོགས་སྐྱོར་བྱེད་པའི་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་ཚོགས་འདུར་ཞུགས་པ་རེད།
དབང་ཝུན་པིན་གྱིས་ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་དང་དབྱི་སི་ལམ་རྒྱལ་ཁབ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱེད་པར་རྒྱབ་སྐྱོར་བྱས་ནས་འདུམ་འགྲིག་ལ་འབད་བརྩོན་བྱེད་ཤུགས་ཆེ་རུ་བཏང་སྟེ་དམག་མཚམས་འཇོག་རྒྱུ་དང་ཞི་བའི་གྲོས་མོལ་སླར་གསོ་ཡོང་བ་བྱེད་པར་སྐུལ་འདེད་གཏོང་གི་ཡིན་ཞེས་བརྗོད།
ཁོང་གིས་ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་འགན་འཁུར་བའི་བྱ་སྤྱོད་གང་མགྱོགས་སྤེལ་ནས་མི་སེར་སྲུང་སྐྱོབ་དང་ཅ་ཧྲ་ཁུལ་གྱི་མི་ཆོས་དུས་བབ་ཞི་ལྷོད་དུ་གཏོང་དགོས་པའི་འདོད་ཚུལ་འཛིན་གྱི་ཡོད་ཅེས་བརྗོད་པ་རེད།
ཁོང་གིས་ཀྲུང་གོ་ཕྱོགས་ཀྱིས་དབང་གྲགས་དེ་བས་ཆེ་བའི་རྒྱལ་སྤྱིའི་ཞི་བདེའི་ཚོགས་འདུ་གང་མགྱོགས་འཚོགས་ནས“རྒྱལ་ཁབ་གཉིས་པོའི་ཇུས་གཞི”སླར་གསོ་དང་དོན་འཁྱོལ་བྱེད་པའི་ཐད་ཐུན་མོང་གི་ངོས་འཛིན་གསར་པ་ཡོང་བ་བྱེད་པའི་འབོད་སྐུལ་བྱེད་ཀྱི་ཡིན་ཞེས་བརྗོད།
“མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་རྒྱལ་ཁབ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འགན་འཁུར་མཁན་ཁོངས་མི་ཞིག་ཡིན་པའི་ངོས་ནས་ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་ཕྱོགས་ཁག་དང་མུ་མཐུད་འབྲེལ་གཏུག་དམ་ཟབ་རྒྱུན་འཁྱོངས་བྱས་ནས་མི་སེར་ལ་སྲུང་སྐྱོབ་དང་། དུས་བབ་ཞི་ལྷོད་དུ་གཏོང་བ། ཞི་བའི་གྲོས་མོལ་བསྐྱར་དུ་བྱེད་པ། ཞི་བདེ་མངོན་འགྱུར་ཡོང་བ་བཅས་བྱེད་པར་འབད་བརྩོན་ཆེན་པོ་བྱེད་ཀྱི་ཡིན”ཞེས་དབང་ཝུན་པིན་གྱིས་བརྗོད།