ཕྱི་འབྲེལ་པུའི་མགྲིན་ཚབ་པས་བརྗོད་དོན།
འབྲེལ་ཡོད་རྒྱལ་ཁབ་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་སྟོངས་ལ་ཉེ་བའི་སྲོག་ཆགས་སྲུང་སྐྱོབ་ཐད་ལེགས་སྐྱེས་ཧུར་ཐག་འབུལ་འདོད་ཡོད།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཚེས་8ཉིན་ཨ་རིར་ཡོད་པའི་དོམ་ཁྲ‘མེ་ཤང’“ནང་ཚང་གཅིག”རྒྱལ་ནང་དུ་ལོག་པའི་བཅར་འདྲི་དང་ལེན་བྱེད་སྐབས། ཕྱི་འབྲེལ་པུའི་མགྲིན་ཚབ་པ་དབང་ཝུན་པིན་གྱིས། དོམ་ཁྲ་ནི་ཀྲུང་ཕྱིའི་རིག་གནས་སྤེལ་རེས་ཀྱི“མཛའ་གྲོགས་ཕོ་ཉ”ཡིན་པས་ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཚུད་པའི་འབྲེལ་ཡོད་རྒྱལ་ཁབ་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་དོམ་ཁྲ་སོགས་སྟོངས་ལ་ཉེར་བའི་སྲོག་ཆགས་སྲུང་སྐྱོབ་བྱ་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་འདོད་ཡོད་ཅེས་བརྗོད།
དེ་ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས། གནས་ཚུལ་སྤེལ་བར་གཞིགས་ན། ཟླ་11ཚེས་8ཉིན་ཨ་རིའི་ཝ་ཧྲིང་ཐོན་རྒྱལ་ཁབ་སྲོག་ཆགས་གླིང་དུ་ཡོད་པའི་དོམ་ཁྲ“མེ་ཤང”དང་། “ཐེན་ཐེན”“ཞའོ་ཆི་ཅི”བཅས་མཁའ་ལམ་བརྒྱུད་ཁྲེང་ཏུའུ་རུ་ལོག་རྒྱུ་རེད་ཅེས་འཁོད་འདུག ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།
“ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་མཉམ་ལས་གྲོས་མཐུན་གཞིར་བཟུང་། ‘མེ་ཤང’“ནང་ཚང་གཅིག”དུས་བཀག་ལྟར་རྒྱལ་ནང་དུ་ལོག་རྒྱུ་རེད། ང་ཚོས‘མེ་ཤང’གི“ནང་ཚང་གཅིག”ལ་དགའ་བསུ་ཞུ་ཡི་ཡིན” དབང་ཝུན་པིན་གྱིས་དོམ་ཁྲ་ནི་འཛམ་གླིང་མི་དམངས་ཀྱིས་ཧ་ཅང་དགའ་པོ་བྱེད་པའི་རྩ་ཆེ་ལ་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ཤིག་ཡིན་ལ། ཀྲུང་ཕྱིའི་རིག་གནས་སྤེལ་རེས་ཀྱི“མཛའ་གྲོགས་ཕོ་ཉ”ཞིག་ཀྱང་རེད་ཅེས་ལན་བཏབ།
ཁོང་གིས་ཀྲུང་གོ་དང་ཨ་རིས་1996ལོ་ནས་བཟུང་དོམ་ཁྲ་སྲུང་སྐྱོབ་ཀྱི་ཞིབ་འཇུག་མཉམ་ལས་བྱས་པ་དང་ཀྲུང་གོ་ཕྱོགས་དང་ཨ་རིའི་ཝ་ཧྲིང་ཐོན་རྒྱལ་ཁབ་སྲོག་ཆགས་གླིང་གི་མཉམ་ལས་ནི་2000ལོ་ནས་བཟུང་འགོ་ཚུགས་ཡོད། ཕྱོགས་གཉིས་པོས་མཉམ་ལས་ཀྱི་འབྲེལ་བ་བཟང་པོ་བཙུགས་ནས་དོམ་ཁྲ་སྲུང་སྐྱོབ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་སྨན་བཅོས། སྤྱི་དམངས་ཀྱི་སློབ་གསོ་སོགས་ཐད་གྲུབ་འབྲས་བཟང་པོ་ཐོབ་པ་མ་ཟད། ཀྲུང་ཨའི་མི་དམངས་དབར་གྱི་མཛའ་མཐུན་ཟབ་ཏུ་གཏོང་ཆེད་ནུས་པ་གལ་ཆེན་བཏོན་ཡོད་ཅེས་བརྗོད།
“‘མེ་ཤང’གི་ནང་ཚང་གཅིག”ལ་རྒྱལ་ནང་དུ་ལོག་རྗེས་ཨ་རིར་ད་དུང་དོམ་ཁྲ་4ཡོད་པ་དང་། མིག་སྔར་ཡ་ཐེ་ལན་ཏ་སྲོག་ཆགས་གླིང་དུ་ཡོད། ཁོང་ཚོ‘མཛའ་གྲོགས་ཕོ་ཉ’ཡིན་པའི་ངོས་ནས་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་མཛའ་མཐུན་གྱི་འབྲེལ་ཟམ་མུ་མཐུད་བསྐྲུན་རྒྱུའི་ཡིད་ཆེས་ཡོད”ཅེས་དབང་ཝུན་པིན་གྱིས་བརྗོད།