བྱམས་སེམས་ཆེ་བའི་ཨ་མ་ཀྲོའུ་ཞུའེ།
བྱིས་པར་བརྩེ་བ་ཆེན་པོས་འཚར་ལོངས་བྱེད་པར་འགྲོགས།
2016ལོའི་ཟླ་7པར། ལེའོ་ཉིང་ནགས་ལས་ལས་རིགས་ལག་རྩལ་སློབ་གླིང་ནས་ཐོན་མ་ཐག་པའི་ཀྲོའུ་ཞུའེ་ཡིས་སློབ་གྲྭ་ཆེ་མོ་བའི་ནུབ་རྒྱུད་འཆར་གཞིའི་བོད་ཀྱི་ཆེད་དོན་དང་བླངས་པར་ཐོ་བཀོད་པ་རེད། ཁོང་གིས“ཕུགས་འདུན་དང་རེ་བ་དང་དེ་བས་འགྱུར་མེད་ཀྱི་དད་སེམས་དང་ཞུམ་མེད་མདུན་སྐྱོད་ཀྱི་ཆོད་སེམས་བཅངས་ཏེ། ནག་ཆུར་ཡོང་ནས་ནག་ཆུ་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་གི་དང་བླངས་པ་ཞིག་བྱས་པ་ཡིན”ཞེས་བརྗོད།
ཕན་བདེ་ཁང་དུ་སླེབས་མ་ཐག ཀྲོའུ་ཞུའེ་ཡིས་ལོ་བཅུ་མན་གྱི་དྭ་ཕྲུག་གི་བྱིས་གསོ་སློབ་གསོའི་ལས་ཀར་བདག་སྐྱོང་པ་ཉུང་བ་དང་ལས་ཀའི་འགན་འཁྲི་ལྕི་བ་མཐོང་བས། རང་འགུལ་ངང་ཡོན་ཀྲང་ལ་ལོ་བཅུ་མན་གྱི་དྭ་ཕྲུག་གི་བྱིས་གསོ་སློབ་གསོའི་འགན་འཁུར་རྒྱུའི་རེ་བ་བཏོན་པ་རེད།
“དང་ཐོག་གནོན་ཤུགས་ཧ་ཅང་ཆེན་པོ་འདུག ཕྲུ་གུ་ཆུང་ཆུང་དང་གཤིབ་མྱོང་མེད་ལ། ཐ་ན་ཟླ་བ་ཁ་ཤས་ལས་སླེབས་མེད་པའི་ཕྲུ་གུ་པང་དུ་ཇི་ལྟར་བཏབ་དགོས་མིན་ཡང་ཤེས་ཀྱི་མི་འདུག”ཅེས་ཀྲོའུ་ཞུའེ་ཡིས་ཕྱིར་དྲན་བྱེད་བཞིན་བརྗོད།
ཀྲོའུ་ཞུའེ་ག་བྱེད་འདི་བྱེད་མེད་པར་ལུས་སྐབས་ཕན་བདེ་ཁང་གི་ཡོན་ཀྲང་གིས་ཁོང་ལ“འདི་གར་སྦྱངས་པ་ཐམས་ཅད་ཁྱོད་ཀྱི་མི་ཚེའི་ནང་གི་རྩྭ་ཆེའི་རྒྱུ་ནོར་རེད”ཅེས་བརྗོད། ཀྲོའུ་ཞུའེ་ཡིས་སྐད་ཆ་དེ་སེམས་ལ་བརྟན་པོར་བཅངས་ནས། རང་འགུལ་ངང་བདག་སྐྱོང་པའི་ས་ནས་ཕྲུ་གུ་པང་དུ་ཇི་ལྟར་བཏབ་དགོས་པ་དང་། འོ་ཙམ་ཇི་ལྟར་སྦོང་དགོས་པ། ཆུ་གདན་ཇི་ལྟར་བརྗེ་དགོས་པ། ཕྲུ་གུ་ཚོ་དང་འབྲེལ་གཏུག་སྤེལ་རེས་ཇི་ལྟར་བྱེད་དགོས་པ་སོགས་སྦྱངས་པ་རེད། དུས་མཚམས་ཤིག་རིང་སློབ་སྦྱོང་བྱས་པ་བརྒྱུད། ཀྲོའུ་ཞུའེ་དང་བདག་སྐྱོང་པ་གཞན་དག་གི་འབྲེལ་བ་དེ་བས་ཟབ་ཏུ་ཕྱིན་པ་དང་ཁོ་ཚོས་ཀྲོའུ་ཞུའེ་ལ“རྒན་ཀྲོའུ་ཞུའེ་ལགས”སམ་ཡང་ན“ཞུའེ”ཞེས་འབོད་པ་དང་། ཕྲུ་གུ་དེ་བས་མང་པོས་ཁོང་ལ“ཨ་མ་ལགས”ཞེས་འབོད་འགོ་ཚུགས།
ཀྲོའུ་ཞུའེ་ཡིས“སྙིང་ཉེ་བའི་འབོད་སྟངས་དེ་ཚོ་ཐོས་རིམ་བཞིན་སེམས་པ་དྲོ་སོབ་སོབ་ཆགས་ཀྱི་འདུག་ལ། རང་ཉིད་ཀྱི་བརྩེ་སེམས་ཚང་མ་འདི་གར་ལེགས་སྐྱེས་སུ་འབུལ་རྒྱུ་བྱུང་ན་བསམ་ཀྱི་འདུག”ཅེས་བརྗོད།
མི་གཅིག་དང་ལས་འབྲེལ་བྱུང་བའི་དབང་གིས་ཀྲོའུ་ཞུའེ་ཡིས་ནག་ཆུ་གྲོང་ཁྱེར་ལ་བཅངས་པའི་བརྩེ་སེམས་ཇེ་ཟབ་ཏུ་ཕྱིན། ཕན་བདེ་ཁང་དུ་ལས་ཀ་བྱེད་རིང་། ཀྲོའུ་ཞུའེ་དང་ལས་རོགས་དགའ་དོན་གཉིས་བརྩེ་དུང་གི་ལས་འགྲོའི་མདུད་པ་ཐེབས་ནས་2017ལོའི་ཟླ་10པར་གཉེན་སྒྲིག་བྱས་པ་དང་། ད་ལྟ་རང་ཉིད་ཀྱི་ཕྲུ་གུ་ཡོད། “ང་ཚོའི་འཚོ་བ་ཧ་ཅང་སྐྱིད་པོ་འདུག མ་གཞི་འཚོ་བའི་གོམས་གཤིས་ལ་ཁྱད་པར་ཡོད་མོད། འོན་ཀྱང་ཕན་ཚུན་བསམ་ཤེས་དང་ཕན་ཚུན་བསྟུན་མཁས་བྱེད་ཀྱི་ཡོད། ཁོམ་པ་ཡོད་སྐབས་བཟའ་ཟླས་ང་ལ་བོད་སྐད་སློབ་པ་དང་། ངས་ཀྱང་བཟའ་ཟླར་སྤྱི་སྐད་སྒྲ་དག་ཏུ་གཏོང་རོགས་བྱེད་ཀྱི་ཡོད། སྐབས་རེ་ཁ་རྩོད་ཤོར་གྱི་ཡོད་མོད། མཐར་ཀུ་རེའི་ཚུལ་གྱིས་མཐུན་ཐབས་བྱེད་ཀྱི་ཡོད། བཟའ་ཟླ་ཡོད་རྐྱེན་དེ་གར་ང་རང་སེམས་པ་ཆགས་པོ་འདུག་ལ། རང་ཉིད་ལ་དབང་བའི་ཁྱིམ་ཚང་དྲོ་སོབ་སོབ་ཞིག་ཀྱང་བྱུང”ཞེས་ཀྲོའུ་ཞུའེ་ཡིས་བརྗོད།
དང་བླངས་ཞབས་ཞུའི་དུས་ཚོད་ཐིམ་རྗེས། ཀྲོའུ་ཞུའེ་མུ་མཐུད་ཕན་བདེ་ཁང་དུ་ཡུན་རིང“བྱམས་སེམས་ཆེ་བའི་ཨ་མ”ཞིག་བྱས་ནས་བསྡད།
ཁོང་གིས“དང་བླངས་པ་ནི་གཟི་བརྗིད་ཙམ་ཞིག་མིན་པར་དེ་ལས་ལྡོག་སྟེ་ལྗིད་ཏིག་ཏིག་གི་འགན་འཁྲི་དང་ལས་འགན་ཞིག་རེད། ངས་རང་ཉིད་བསོད་བདེ་ཆེན་པོ་རེད་བསམ་གྱི་འདུག་ལ་འདི་གར་ལས་ཀ་བྱེད་པའི་དུས་ཚོད་ཚང་མར་ཡང་གཅེས་སྤྲས་བྱེད་ཀྱི་ཡོད། གལ་སྲིད་ཡང་བསྐྱར་གདམ་ག་བྱེད་དུ་བཅུག་ཚེ། ངས་སྔར་བཞིན་དང་བླངས་ཞབས་ཞུའི་ལམ་བུ་དེ་གདམ་ངེས་ཡིན”ཞེས་བརྗོད།