གྲ་ནང་རྫོང་གི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ ——
རྒྱུན་འཛིན་ཁྲོད་དུ་འཕེལ་རྒྱས་བཏང་། སྐྱིད་པའི་རྩ་བ་འདི་ནས་ཚུགས།
འདི་ནི་གྲ་ནང་རྫོང་གི་ཁྱད་དུ་འཕགས་པའི་ཤིག་བརྐོས་བརྩམས་ཆོས་ཡིན་པ།
ཡར་ཀླུང་གཙང་པོའི་དབུས་རྒྱུད་དུ་གནས་པའི་གྲ་ནང་རྫོང་ལ་རིག་གནས་ཀྱི་རྨང་གཞི་བརྟན་པོ་ལྡན་པས། “ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ཡུལ”ཞེས་སུ་འབོད། ཞྭ་མོ་ཚེ་རིང་སྐྱིན་ཁེབས་དང་། སྣམ་བུ་འཐག་པའི་ལག་རྩལ། ཤིག་བརྐོས་སོགས་སྣ་མང་ཕུན་སུམ་ཚོགས་པའི་དམངས་ཁྲོད་ཀྱི་སྒྱུ་རྩལ་དང་ཁྱད་དུ་འཕགས་པའི་ལག་རྩལ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་ནས། རྒྱུན་ཆད་མེད་པར་ལེགས་སུ་བཏང་བས། ད་བར་སྔར་བཞིན་ས་གནས་དེ་གའི་མང་ཚོགས་ཀྱི་འཚོ་འཆིས་གལ་ཆེན་ཞིག་ཡིན་པ་མ་ཟད། གྲ་ནང་གི་སྲོལ་རྒྱུན་རིག་གནས་སྒྱུ་རྩལ་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་པོའི་ནང་ས་གནས་དེ་གའི་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་ཡོད།
ཞྭ་མོ་ཚེ་རིང་སྐྱིན་ཁེབས་བཟོས་པ་ལས་ཀརྨ་བཟང་པོར་ཟླ་རེར་ཡོང་འབབ་སྒོར་ཁྲི་གཉིས་ལྷག་ཙམ་བྱུང་བ།
གྲ་ནང་རྫོང་ཡབ་ཀ་གྲོང་མི་ཨུ་ལྷན་གྱི་བོད་བཟོའི་ཞྭ་མོ་ཚེ་རིང་སྐྱིན་ཁེབས་མཉམ་ལས་ཁང་2013ལོའི་ཟླ་8པར་བཙུགས་པ་དང་། གཙོ་བོ་བོད་བཟོའི་འཇུར་རྟ་ཡུ་རིང་དང་། བོད་ཆས། བོད་བཟོའི་ཞྭ་མོ་བཅས་བཟོ་གི་ཡོད། “མིག་སྔར་མཉམ་ལས་ཁང་གིས་ས་གནས་དེ་གའི་མང་ཚོགས་ལ་ལས་ཞུགས་ལས་གནས་45མཁོ་འདོན་བྱས་པར་མི་རེར་ཟླ་རེར་གླ་ཆ་སྒོར་6000ནས་15000བར་ཡོད”ཅེས་མཉམ་ལས་ཁང་གི་འགན་འཁུར་བ་དང་ལྷོ་ཁ་གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་བསྟན་འཛིན་འཕྲིན་ལས་ཀྱིས་བརྗོད།
ད་དུང་ཁོང་གིས་རགས་རྩིས་བརྒྱབ་པར་གཞིགས་ན། བཟོ་རྩལ་གྱི་ཆུ་ཚད་མི་འདྲ་བ་གཞིར་བཟུང་ཞྭ་མོ་རེའི་རིན་གོང་ཧ་ལམ་སྒོར་300ནས་1400བར་ཟིན་པ་དང་། ཟླ་རེར་ཞྭ་མོ་2500བཟོས་པར་རྩིས་བརྒྱབ་ན་ཟླ་རེར་མི་རེར་ཆ་སྙོམས་ཡོང་འབབ་སྒོར་3000ནས་12000ཙམ་འཕར་གྱི་ཡོད།
2013ལོར་ཀརྨ་བཟང་པོ་གྲ་ནང་རྫོང་ལས་རིགས་སློབ་གསོ་གསོ་སྦྱོང་ལྟེ་གནས་ནས་ཐོན་ཏེ་མཉམ་ལས་ཁང་དུ་ལས་ཀ་བྱེད་པར་འོས་སྦྱོར་བྱས། དེ་ནས་བསྟན་འཛིན་འཕྲིན་ལས་ཀྱི་མཛུབ་ཁྲིད་འོག་ཀརྨ་བཟང་པོར་ཡར་རྒྱས་མགྱོགས་པོ་བྱུང་ནས་ལོ་ཕྱེད་ནང་ཞྭ་མོ་ཚེ་རིང་སྐྱིན་ཁེབས་བཟོ་སྟངས་ཤེས།
ཀརྨ་བཟང་པོས་རང་ཉིད་དགེ་ཕྲུག་བྱེད་སྐབས་མཉམ་ལས་ཁང་གིས་ལྟོ་ཆས་སྟེར་བ་མ་ཟད་ཉལ་ཁང་ཡང་སྤྲོད་ཀྱི་ཡོད། རང་ཚུགས་ཀྱིས་མངགས་ཐོ་ལེན་པའི་ཟླ་དང་པོར་ང་ལ་གླ་ཆ་སྒོར་6000རག་བྱུང་། ད་ཆ་ང་ལ་ཟླ་རེར་ཡོང་འབབ་སྒོར་ཁྲི་2ལྷག་ཙམ་ཡོད། འདི་ལོའི་ཟླ་6པར་ངས་དངུལ་ཆ་ཚང་སྤྲད་ནས་མི་ཚེའི་ནང་གི་རླངས་འཁོར་ཐོག་མ་དེ་ཉོས་པ་ཡིན་ཞེས་ཕྱིར་དྲན་བྱེད་བཞིན་བརྗོད། འབྱུང་འགྱུར་གྱི་སྐོར་གླེང་སྐབས་ཀརྨ་བཟང་པོས“རང་ཁྱིམ་གྱི་སྒོ་འགྲམ་དུ་རང་ཉིད་སོ་སོའི་ཞྭ་མོའི་ཚོང་ཁང་ཞིག་འཛུགས་འདོད་འདུག”ཅེས་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་བརྗོད།
འཐག་ལས་ཀྱིས་ཨ་ཅག་ཆོས་སྒྲོན་རང་ཁྱིམ་གྱི་སྒོ་ཁ་ནས་ལས་ཀ་རག་པ།
གྲ་ནང་རྫོང་གསེར་ཀོང་གྲོང་ཚོར“སྣམ་བུའི་གྲོང་ཚོ་དང་པོའི”མཚན་སྙན་ཐོབ་ཡོད། 2014ལོར་གྲ་ནང་རྫོང་གསེར་ཀོང་གྲོང་ཚོའི་ཞིང་པའི་སྲོལ་རྒྱུན་སྣམ་བུའི་ཆེད་ལས་མཉམ་ལས་ཁང་བཙུགས། 2019ལོའི་ཟླ་5པར་སྣམ་བུའི་འཁེལ་འཐག་ལག་རྩལ་རྫོང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ལ་ཚུད་པ་དང་། ཀུན་བཟང་ནོར་བུ་རྫོང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པར་གྱུར་ཡོད།
དེ་སྔ་གསེར་ཀོང་གྲོང་ཚོའི་ཁྱིམ་ཚང་ཚང་མར་འཐག་ཁྲི་ཡོད་པ་དང་ཕོ་མོ་རྒན་གཞོན་ཚང་མར་སྣམ་བུ་འཐག་དད་ཆེན་པོ་ཡོད། རྗེས་སུ་གློག་གི་འཐག་ཁྲི་ཐོན་པ་ནས་བཟུང་གྲོང་ཚོའི་མངགས་ཐོ་རིམ་བཞིན་ཉུང་དུ་ཕྱིན་ཡོད། ཀུན་བཟང་ནོར་བུས་དཀའ་ངལ་ལ་མ་འཛེམས་པར་གསེར་ཀོང་གྲོང་ཚོའི་ཞིང་པའི་སྲོལ་རྒྱུན་སྣམ་བུའི་ཆེད་ལས་མཉམ་ལས་ཁང་བཙུགས།
སྲོལ་རྒྱུན་སྣམ་བུའི་གསོན་ཤུགས་སྤེལ་ནས་འཛད་སྤྱོད་ཁྲོམ་ར་དང་དེ་བས་འཚམ་པར་བྱ་ཆེད། མཉམ་ལས་ཁང་དེས་ཐོན་རྫས་གསར་པ་ཟམ་མི་ཆད་པར་བཏོན་ཡོད། “མཉམ་ལས་ཁང་གི་གཞི་ཁྱོན་ཆུང་དྲགས་པས་ང་ཚོས་ད་དུང་མུ་མཐུད་འབད་བརྩོན་བྱས་ཏེ་མི་དེ་བས་མང་བར་ཁྱད་དུ་འཕགས་པའི་གྲ་ནང་གི་སྣམ་བུའི་ཐོན་རྫས་ཤེས་སུ་འཇུག་གི་ཡིན”ཞེས་ཀུན་བཟང་ནོར་བུས་འཐག་ཁྲི་འཇུ་ཞོར་རང་ཉིད་ཀྱི་སེམས་ཀྱི་རེ་སྒུག་ཆེན་པོ་དེ་བརྗོད།
ཤིག་བརྐོས་ལག་རྩལ་གྱིས་རྟ་མགྲིན་དང་ཁོང་གི་ཨ་མ་འཚོ་བ་ཡག་ཏུ་ཕྱིན་པ།
བོད་ཀྱི་དམངས་ཁྲོད་ཤིག་བརྐོས་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་། གྲ་ནང་རྫོང་གི་བོད་བཟོའི་ཤིག་བརྐོས་ལ་ཤིག་བརྐོས་ཞེས་པའི་ཡ་མཚན་ཆེ་བའི་མིང་ཞིག་ཡོད། ཤོད་རྒྱུན་ལ་ལོ་300ལྷག་ཙམ་གྱི་གོང་དུ་ཤིག་བརྐོས་ལག་རྩལ་བ་ཚོས་ནས་རྡོག་གཅིག་ཤིང་ངོ་མ་ལྟ་བུའི་བཟོ་ལྟར་བརྐོས་བརྒྱབ་པས་མིང་ལ“ཤིག་བརྐོས”ཞེས་ཐོགས་ཡོད།
1981ལོར་། ལོ་12ལ་སོན་པའི་པད་མ་དགྲ་འདུལ་གྱིས་གཅེན་པོའི་རྗེས་སུ་འབྲངས་ནས་ཤིག་བརྐོས་ལག་རྩལ་སྦྱངས་པས་གྲ་ནང་ཤིག་བརྐོའི་མི་རབས་དྲུག་པའི་རྒྱུན་འཛིན་པར་གྱུར་པ་མ་ཟད། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གྲ་ནང་གི་བོད་ལུགས་ཤིང་བརྐོས་རྒྱུན་འཛིན་པ་ཞིག་ཀྱང་རེད།
“ལག་རྩལ་ཇི་ཙམ་བྱང་ཆུབ་ཀྱང་ཐོན་རྫས་དེང་རབས་ཀྱི་འཚོ་བ་དང་མཉམ་འདྲེས་ཐུབ་ཚེ་གཞི་ནས་ཁྲོམ་རར་བྲིན་ཁ་རྒྱུག་པོ་ཡོང་ཐུབ”ཅེས་པད་མ་དགྲ་འདུལ་གྱིས་བརྗོད་པ་དང་། ཁོང་གིས་དེང་རབས་ཀྱི་འཚོ་བའི་དགོས་མཁོ་བསྐངས་ཚེ། ཤིག་བརྐོས་ཁྲོམ་རའི་ལམ་གཞི་ནས་ཡངས་ཤིང་རྒྱ་ཆེར་གཏོང་ཐུབ། མིག་སྔར་ཤིག་བརྐོས་ཁྱིམ་ཆས་ཆ་ཚང་གཅིག་ལ་སྒོར་ཁྲི་བཅུ་ཕྲག་ཁ་ཤས་དང་ཐ་ན་དེ་ལས་མཐོ་བ་རག་གི་ཡོད་པས། ལོ་ལྟར་ཤིག་བརྐོས་ཐོན་རྫས་བཙོངས་ནས་སྒོར་ཁྲི་800ཙམ་རག་གི་ཡོད། ཤིག་བརྐོས་ཐོན་རྫས་རྒྱུན་གཏན་ཁྱིམ་ཚང་འཚོ་བའི་ཁྱིམ་ཆས་སུ་སྤྱོད་པ་ཕུད། ད་དུང་ཨར་ཁང་རྩེ་གྲ་ཁག་གཅིག་གིས་ཁང་པ་མཛེས་བཟོར་སྤྱོད་ཀྱི་ཡོད་ཅེས་བརྗོད།
འཁོར་ཁང་དུ་རྟ་མགྲིན་གྱིས་ཤིང་ཆར་ཚད་རྒྱག་བཞིན་གང་ནས་འགོ་འཛུགས་དགོས་མིན་མ་ཤེས་པར་བསྡད་ཡོད། པད་མ་དགྲ་འདུལ་ཁོང་གི་འགྲམ་དུ་སོང་སྟེ་ཁོ་གཉིས་སྐད་ཤུགས་ཆུང་ངུས་གླེང་མོལ་བྱས་རྗེས་རྟ་མགྲིན་ལ་འཕྲལ་མར་ཁ་ཕྱོགས་རྙེད། འདི་ལོ་ལོ་26ལ་སླེབས་པའི་རྟ་མགྲིན་མཉམ་ལས་ཁང་ལ་ཞུགས་ནས་ཤིང་བརྐོས་ལག་རྩལ་སྦྱངས་པ་བརྒྱུད་རིམ་གྱིས་ཤིག་བརྐོས་ལ་དགའ་ཞེན་སྐྱེས་ནས་གནའ་བོའི་ལག་རྩལ་དེ་རྒྱུན་འཛིན་ཐུབ་ཡོད།
དེ་སྔ་རྟ་མགྲིན་དང་ཨ་མས་རང་ཁྱིམ་གྱི་ས་ཞིང་མུའུ་4ལ་བརྟེན་ནས་འཚོ་བ་འཁྱོལ་ཐབས་བྱེད་ཀྱི་ཡོད། ད་ལྟ་ཁོང་ལ་ཟླ་རེར་ཡོང་འབབ་སྒོར་ཁྲི་གཅིག་ལྷག་ཙམ་ཡོད། “ཆུང་དུས་ཨ་མས་དཀའ་ལས་མང་པོ་བརྒྱབ་ནས་ང་གསོས་པ་རེད། ད་ཆ་ང་ལ་ལག་རྩལ་ཡོད་པས་ཨ་མར་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱེད་ཀྱི་ཡིན”ཞེས་རྟ་མགྲིན་གྱིས་བརྗོད། ད་ཆ་ལག་རྩལ་ལ་བརྟེན་ནས་རྟ་མགྲིན་དང་ཁོང་གི་ཨ་མ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་ཡོད།
མི་རིགས་ལག་ཤེས་བཟོ་རྩལ་ནི་རིན་ཐང་བྲལ་བའི་ནོར་བུ་ཞིག་རེད། གྲ་ནང་རྫོང་རིག་གནས(རིག་དངོས)ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བ་ཧྥན་ཅོན་གྱིས། སྣམ་བུ་དང་། ཚེ་རིང་སྐྱིན་ཁེབས། ཤིག་བརྐོས། སྤོས་སོགས་ཀྱི་མི་རིགས་ལག་ཤེས་བཟོ་རྩལ་རྒྱུན་འཛིན་དང་འཕེལ་རྒྱས་བཏང་བ་བརྒྱུད་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཐོན་ཁུངས་ཐོན་ལས་ཀྱི་ལེགས་ཆར་སྒྱུར་བར་སྐུལ་མ་ཐེབས་པ་དང་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་མ་ཐེབས་ཏེ་སྲོལ་རྒྱུན་མི་རིགས་ལག་ཤེས་བཟོ་ལས་ལ་བཀྲག་མདངས་གསར་པ་འཚེར་བ་དང་མང་ཚོགས་རྣམས་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པའི་རེ་བ་ཡོད་ཅེས་བརྗོད།
གསར་འགོད་པའི་ཟིན་བྲིས།
གྲ་ནང་དུ་མངོན་མིན་རིག་གནས་ཤུལ་བཞག་གི་ཡིད་དབང་འཕྲོག་ཤུགས་མྱོང་རོལ་བྱེད་པར་བསྐྱོད་པ།
ས་མཐོའི་སྟོན་འགོའི་དུས་སུ་ང་ཚོ་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་དུ་ཁུལ་འདིའི“མངོན་མིན་རིག་གནས་ཤུལ་བཞག”རྒྱུན་འཛིན་སྐོར་ལ་བཅར་འདྲི་ཞུ་བར་བསྐྱོད་པ་ཡིན། ཞྭ་མོ“ཚེ་རིང་སྐྱིན་ཁེབ”དང་། གྲྭ་ནང་གི་སྣམ་བུ། གྲྭ་ནང་གི་ཤིང་བརྐོས་སོགས་ལས། ང་ཚོར་མངོན་མིན་རིག་གནས་ཤུལ་བཞག་གི་ཁྱད་དུ་འཕགས་པའི་ཡིད་དབང་འཕྲོག་ཤུགས་མྱོང་ཚོར་ཐུབ་བྱུང་།
མངོན་མིན་རིག་གནས་ཤུལ་བཞག་ལ་རིག་གནས་ཀྱི་རིན་ཐང་ཆེན་པོ་ལྡན་ཡོད། རིག་གནས་ཤུལ་བཞག་འདི་དག་གིས་ང་ཚོའི་ལོ་རྒྱུས་དང་། རིག་གནས། སྲོལ་རྒྱུན་བཅས་མཚོན་གྱི་ཡོད་པས་སྔོན་ཆད་དང་ད་ཆའི་འབྲེལ་ཟམ་ལྟ་བུ་རེད། ཉེ་ལམ་ལོ་ཤས་རིང་། གྲ་ནང་རྫོང་གིས“སྲུང་སྐྱོང་གཙོ་བོ་དང་། མྱུར་སྐྱོབ་ཨང་དང་པོ། བེད་སྤྱོད་ལུགས་མཐུན། རྒྱུན་འཛིན་འཕེལ་རྒྱས”བཅས་ཀྱི་བྱེད་ཕྱོགས་མཐའ་འཁྱོངས་བྱས་ནས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་། གསར་གཏོད་རང་བཞིན་གྱི་བརྗེ་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་ལས་དོན་ལ་སྔར་བས་ཤུགས་སྣོན་ཐེབས་ཡོད་པ་མ་ཟད། རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་ཀྱི་འདེགས་སྐྱོར་ཤུགས་ཆེན་ཡོད་པས། བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཕྱི་ཕྱོགས་སུ་སྤེལ་རེས་མཉམ་ལས་བྱེད་ཤུགས་ཆེ་རུ་ཕྱིན་པ་དང་དེ་བས་རྒྱ་ཆེ་བའི་ཁྲོམ་རར་སྐྱོད་པར་སྐུལ་མ་ཐེབས་པ་དང་ཆབས་ཅིག རྒྱུན་འཛིན་པས་བློ་བདེའི་ངང་ལག་རྩལ་ཡག་ཏུ་གཏོང་བར་སྐུལ་མ་ཐེབས་ནས་སྤེལ་རེས་བྱེད་རིང་གསར་གཏོད་དང་འཕེལ་རྒྱས་བྱུང་ནས། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་འཕེལ་རྒྱས་བྱུང་བ་དང་ཆབས་ཅིག་གྲོང་གསེབ་དར་རྒྱས་དང་མང་ཚོགས་ཕྱུག་འགྱུར་ལ་སྐུལ་ཁྲིད་ཀྱང་ཐུབ་ཡོད་པ་རེད།