དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཁྲེང་ཀོན་ཆུས་བསྟན་རྒྱས་གླིང་སྡེ་ཁུལ་གྱིས་ཞོགས་ཇའི་གྲོས་ཁང་བཙུགས་ནས་མང་ཚོགས་ཀྱི་དཀའ་གནད་བསལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-10

    ཉེ་ཆར། ཁྲེང་ཀོན་ཆུས་བར་སྐོར་ཁྲོམ་གཞུང་བསྟན་རྒྱས་གླིང་སྡེ་ཁུལ་གྱིས་ས་གནས་དེ་གའི་མང་ཚོགས་ཀྱི་ཇ་འཐུང་ཞོར་དུ་འཚོ་བའི་སྐོར་གླེང་བའི་དགའ་ཕྱོགས་དང་ཟུང་འབྲེལ་བྱས་ཏེ། “ཞོགས་ཇའི་གྲོས་ཁང”བཙུགས་ནས་ཁྱབ་གདལ་བཏང་བ་དང་འབྲེལ། རེ་གཟའ་པ་སངས་ཉིན“ཞོགས་ཇའི་དོན་གྲོས་དུས་ཚོད”ལ་གཏན་འཁེལ་བྱས། ཉེ་ཆར་གསར་འགོད་པས་བསྟན་རྒྱས་གླིང་སྡེ་ཁུལ་ནས་ཤེས་རྟོགས་བྱས་པར། “ཞོགས་ཇའི་གྲོས་ཁང”བཙུགས་ནས་ད་བར་གྲོང་མི་མང་ཚོགས་ཀྱི་ཉེ་འགྲམ་གྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་མང་པོ་དུས་ཐོག་ཏུ་བསལ་བས་ཁོངས་གཏོགས་ཁུལ་གྱི་གྲོང་མིའི་ཁས་ལེན་དང་གདེང་འཇོག་བཟང་པོ་ཐོབ་ཡོད།

    བསྟན་རྒྱས་གླིང་སྡེ་ཁུལ་ཁོངས་གཏོགས་ཀྱི་ཤེས་དཔལ་སྒོ་རའི་ཕྱོགས་མི་ཉི་སྒྲོན་གྱི་ཁྱོ་ག་གྲོངས་པ་ནས་བཟུང་། ཁོང་ལ་དཔལ་འབྱོར་གྱི་ཡོང་ཁུངས་གང་ཡང་མེད་པས་འཚོ་བར་དཀའ་ངལ་ཆེན་པོ་ཡོད། སྡེ་ཁུལ་ཏང་ཀྲི་པུས“ཞོགས་ཇའི་གྲོས་ཁང”ནས་གནས་ཚུལ་དེ་ཤེས་རྗེས། འཕྲལ་མར་ཉི་སྒྲོན་ལ་འབྲས་དང་། གྲོ་ཞིབ། སྣུམ་སོགས་སྒོར་1000ལྷག་ཙམ་རི་བའི་འཚོ་བའི་མཁོ་ཆས་སྤྲད་པ་དང་སྦྲགས། ཁོང་ཀྲི་པུས་དོ་ཁུར་བྱ་ཡུལ་གཙོ་བོའི་གྲས་སུ་བཅུག་ནས་ཕྱིས་སུ་ཁོང་ལ་ཁྱོན་ཡོངས་ནས་རོགས་རམ་བྱེད་ཀྱི་ཡོད་པ་རེད།

    “ཞོགས་ཇའི་གྲོས་ཁང”དུ་མང་ཚོགས་ཀྱིས་གླང་འདུལ་སྒོ་རའི་གྲོང་མི་མིག་དམར་མཚམས་གཅོད་ལ་ནད་ལྕི་པོ་ཕོག་ནས་སྨན་རིན་མང་པོ་སྤྲོད་དགོས་སྟབས། ཁྱིམ་ཚང་གི་འཚོ་བའི་ཆ་རྐྱེན་ཉིན་བཞིན་སྐྱོ་རུ་འགྲོ་བའི་སྐོར་བཤད། སྡེ་ཁུལ་ཏང་ཀྲི་པུས་གནས་ཚུལ་ལ་ཞིབ་དཔྱད་བྱས་རྗེས་འཕྲལ་མར་མིག་དམར་མཚམས་གཅོད་ཀྱི་ཁྱིམ་ལ་འཚམས་འདྲིའི་དངོས་པོ་བསྐྱལ་ནས། དཀའ་ངལ་ཡོད་པའི་མང་ཚོགས་ལ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་ཚོར་དུ་བཅུག་པ་མ་ཟད། ད་དུང་ཁོང་ལ་རེ་འདུན་ཡོད་ན“ཞོགས་ཇའི་གྲོས་ཁང”དུ་ཞུ་བར་ཡོང་ཆོག་ཅེས་མངགས།

    “ཞོགས་ཇའི་གྲོས་ཁང”ནི་བསྟན་རྒྱས་གླིང་སྡེ་ཁུལ་གྱིས“བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི”འདུ་ཤེས་ལག་བསྟར་དོན་འཁྱོལ་བྱེད་པའི་གྲོས་མོལ་དམངས་གཙོའི་དཔེ་མཚོན་ཞིག་རེད། “གྲོང་མིས་དོན་དག་ཤོད་པ་དང་། ཀྲི་པུས་འགན་འཁུར་བ། ཏང་ཡོན་གྱིས་ལས་དོན་སྒྲུབ་པ། ‘འབྲེལ་གཏུག་བཞི་དང་འགན་གཙང་བཞིའི’འགོ་ཁྲིད་ཀྱིས་དོན་དག་གཅོད་རོགས་བྱེད་པའི”ལས་དོན་སྒྲུབ་སྟངས་བཞི་ལ་གཞིགས་ནས། གཞི་རིམ་བཅོས་སྐྱོང་ལ་དམིགས་ཏེ་མང་ཚོགས་ཀྱི་དཀའ་ངལ་དང་རེ་འདུན་ཐག་གཅོད་བྱེད་རོགས་བྱས་ཁར། “དོན་དག་ཤོད་པ”དང“ཞབས་འདེགས་ཞུ་བ”སྦྲེལ་མཐུད་དམ་ཟབ་ལ་སྐུལ་འདེད་གཏོང་གི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།