གྲོང་གསེབ་མཛེས། ཐོན་ལས་དར། མང་ཚོགས་ཕྱུག
▲ ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གུང་དཀར་གྲོང་རྡལ་དག་པ་གྲོང་ཚོའི་རྣམ་པ་གསར་པ་ཡིན་པ།
▲ སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་འགྱེས་ཕུག་གྲོང་ཚོའི་ཡུལ་མི་སྣང་གསལ་གྱིས་དྲ་ཐོག་ཚོང་དོན་ལས་སྟེགས་ནས་ས་གནས་དེ་གའི་ཁྱད་ལྡན་ཐོན་རྫས་འཚོང་བཞིན་པ།
▲ ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་ཞིང་ལས་གྲོང་གསེབ་ཅུས(ཞིང་ལས་ལག་རྩལ་ཁྱབ་གདལ་ས་ཚིགས)ཀྱི་ལག་རྩལ་བས་ས་བོན་འདེམས་བཞིན་པ།
▲ ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་དགུ་ཐང་ཤང་བུ་ལུང་གྲོང་ཚོའི་མང་ཚོགས་ཀྱིས་བཏུས་པའི་མོག་རོ་ཡིན་པ།
▲ གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་ཁང་གཞུང་ཤང་གཡག་ཐེར་བལ་འཐག་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་ཁོངས་མིས་མང་ཚོགས་ལ་འཁེལ་འཐག་ལག་རྩལ་སློབ་བཞིན་པ།
▲ ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་སྤྱི་མདའ་གྲོང་རྡལ་བྱ་ལུང་གྲོང་ཚོའི་མང་ཚོགས་ཀྱིས་ཞིང་པའི་དཔེ་ཁང་དུ་དེབ་ལྟ་བཞིན་པ།
▲ ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣེ་ཤང་དུས་བཞི་བཀྲ་ཤིས་གྲོང་ཚོའི་རི་བོང་གསོ་ཚགས་ར་བའི་ལས་བཟོས་རི་བོང་ལ་ལྟོ་སྟེར་བཞིན་པ།
▲ མངའ་རིས་ས་ཁུལ་དགེ་རྒྱས་རྫོང་ར་གསོའི་རྟེན་གཞིའི་ར་ཁྱུ་ཡིན་པ།
▲ ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་དར་རྒྱས་ཤང་བྲག་དཀར་ཞོལ་གྲོང་ཚོའི་ཡུལ་མིས་འཕྲུལ་ཆས་ཆེ་གྲས་སྤྱད་དེ་སྟོན་ཏོག་བསྡུ་བཞིན་པ།
ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་དུ་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་ཞེས་ཁ་གསལ་བཏོན་ཡོད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པར་དཀའ་ཚེགས་ཆེ་ཤོས་དང་ལྗིད་རྫོབ་ཆེ་ཤོས་ཀྱི་ལས་འགན་སྔར་བཞིན་གྲོང་གསེབ་ཏུ་གནས་ཡོད། ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཐོན་སྐྱེད་གྲུབ་ཆ་གཙོ་བོ་འཁོར་རྒྱུག་ཤར་བགྲོད་ཐུབ་པ་བྱེད་དགོས། ཞིང་ལས་སྟོབས་ཆེན་རྒྱལ་ཁབ་སྐྲུན་མགྱོགས་སུ་བཏང་སྟེ། གྲོང་གསེབ་ཀྱི་ཐོན་ལས་དང་། ཤེས་ལྡན་པ། རིག་གནས། སྐྱེ་ཁམས། རྩ་འཛུགས་བཅས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས།
དུས་ཡུན་རིང་པོའི་ནང་། རང་ལྗོངས་ཀྱིས་བོད་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་བཅུ་ཆ་དགུ་ཡན་ནི་ཞིང་འབྲོག་ཁུལ་དང་བཅུ་ཆ་དྲུག་ཡན་གྱི་མི་འབོར་ནི་ཞིང་འབྲོག་མང་ཚོགས་ཡིན་པའི་དོན་དངོས་ཐོག་མཐའ་བར་གསུམ་དུ་ཁོང་དུ་ཆུད་པར་བྱས་ཏེ། ཞིང་འབྲོག་ཁུལ་དར་རྒྱས་གཏོང་བ་དང་། ཞིང་འབྲོག་ལས་འཕེལ་རྒྱས་གཏོང་བ། ཞིང་འབྲོག་མང་ཚོགས་ཕྱུག་འགྱུར་ཡོང་བ་བཅས་སྔོན་ལ་ལག་ལེན་བསྟར་བ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལ་སྐུལ་འདེད་ནུས་ལྡན་གཏོང་བ། སོན་བཟང་ཞིང་བཟང་ཐབས་བཟང་གསུམ་ལ་བརྟེན་ནས་འབྲུ་རིགས་ཀྱི་བདེ་འཇགས་ལ་འགན་ལེན་བྱེད་པ། ཐོན་ལས་རིམ་སྤོར་ལ་བརྟེན་ནས་ལས་ཞུགས་འབབ་འཕར་ལ་སྐུལ་འདེད་གཏོང་བ། མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་ལ་བརྟེན་ནས་རྣམ་པ་གསར་པ་གཏོད་པ། ཡུལ་སྲོལ་ཤེས་དཔལ་འཛུགས་སྐྱོང་ལ་བརྟེན་ནས་གཙོ་རྒྱུན་རིན་ཐང་གཏོད་དེ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་སྔར་བས་ཆེ་བ་དང་། སྐྱིད་སྣང་སྔར་བས་རྒྱུན་མཐུད། བདེ་སྣང་ལ་སྔར་བས་འགན་ལེན་བཅས་བྱས་ཡོད།
2022ལོར། ལྗོངས་ཡོངས་ཀྱི་དུད་ཚང་5105དང་མི་21739ཡི་དབུལ་པོ་བསྐྱར་ལོག་གི་ཉེན་ཁ་བསལ་བ་དང་། ནས་ཀྱི་སོན་བཟང་ཁྱབ་གདལ་གཏོང་ཚད་མུའུ་ཁྲི་200ལས་བརྒལ་བ། ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི་390ཟིན་པ། མཛེས་སྡུག་ལྡན་པ་དང་སྡོད་མལ་ལ་འཚམ་པའི་གྲོང་ཚོ་དང་བརྟན་གཏོང་རིམ་སྤོར་གྲོང་ཚོ་200སྐྲུན་མགྱོགས་སུ་བཏང་ཡོད། 2023ལོར་བོད་ཀྱིས་ཞིང་འབྲོག་པའི་ཉམས་འགྱུར་གསར་པ་གཏོད་རྒྱུ་དེ་གྲོང་གསེབ་འཕེལ་རྒྱས་དང་། གྲོང་གསེབ་འཛུགས་སྐྲུན། གྲོང་གསེབ་བཅོས་སྐྱོང་བཅས་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས། དོན་དངོས་ལ་གཞི་ཚུགས་པ་དང་། ཕྱོགས་ཡོངས་ནས་སྲིད་ཇུས་ལག་ལེན་བསྟར་བ། ཁྱབ་རྒྱ་དང་ཕན་འབྲས་ཆེ་རུ་གཏོང་བ། སྤུས་ཚད་མཐོ་རུ་དང་རྩ་བ་བརྟན་དུ་གཏོང་བ་བཅས་བྱས་པས། “རྣམ་པ”དང“བླ་སྲོག”གལ་ཆེ་མཉམ་འཛིན་དང་། གནས་དང་ཁྱོན་ཟུང་འབྲེལ། ཤུགས་སྒྲིལ་མཉམ་སྐྱོད་བཅས་ཀྱི་གསོན་ཉམས་ལྡན་པའི་རྣམ་པ་ཞིག་ཆགས་ནས། གྲོང་གསེབ་ཀྱི་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་གི་མདུན་སྐྱོད་རོལ་དབྱངས་དཀྲོལ་ཡོད། གྲོང་གསེབ་དར་རྒྱས་གཏོང་བའི་དཔེ་སྟོན་ཤང་13དང་དཔེ་སྟོན་གྲོང་ཚོ་107བསྐྲུན་ནས། དུད་ཁྱིམ་ཁྲི་6ཡན་གྱི་མི་ཕྱུགས་སྒོ་ར་ཐ་དད་དང་སྡོད་མལ་དང་ལས་ཀར་འཚམ་པའི་མཛེས་སྡུག་ལྡན་པའི་གྲོང་གསེབ་220ཡན་བསྐྲུན་རྒྱུ་ཡིན་པ་རེད།
ད་ཆ་བོད་དུ་མི་རིགས་ཁག་གི་མང་ཚོགས་ཀྱིས་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་ལེན་བསྟར་ཏེ། ཡུལ་བབ་དང་བསྟུན་ནས་དེ་བས་རྒྱ་ཆེ་བའི་གྲོང་གསེབ་དར་རྒྱས་གཏོང་བའི་ལམ་བུར་བསྐྱོད་དང་སྐྱོད་མུས་ལགས་སོ།