“རྒྱུད་གཅིག་ལམ་གཅིག”གི་མཉམ་སྦྲེལ་མཉམ་མཐུད་དང་ཀྲུང་ལོའི་ལས་དབང་གཅིག་མཐུན་འདུས་གྲུབ་མཉམ་དུ་གཏོད་པའི་མཐོ་རིམ་གླེང་སྟེགས་ཝན་ཐེན་དུ་འཚོགས་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཝན་ཐེན་ནས་ཟླ་11ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཚེས་6ཉིན། “རྒྱུད་གཅིག་ལམ་གཅིག”གི་མཉམ་སྦྲེལ་མཉམ་མཐུད་དང་ཀྲུང་ལོའི་ལས་དབང་གཅིག་མཐུན་འདུས་གྲུབ་མཉམ་དུ་གཏོད་པའི་མཐོ་རིམ་གླེང་སྟེགས་ལོ་སིའི་རྒྱལ་ས་ཝན་ཐེན་དུ་འཚོགས་པ་རེད། ཚོགས་ཞུགས་པས་ཀྲུང་ལོ་རྒྱལ་ཁབ་གཉིས་ཀྱིས“རྒྱུད་གཅིག་ལམ་གཅིག”སྤུས་ཚད་མཐོ་པོས་མཉམ་དུ་བསྐྲུན་པར་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པར་ཕྱིར་དྲན་བྱས་པ་དང་། ཀྲུང་ལོའི་ལྕགས་ལམ་ལས་ལོ་སིའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་འགྱུར་ལྡོག་ཆེན་པོ་མཉམ་སྤྱོད་བྱས་པ་རེད།
གླེང་སྟེགས་དེ་ཀྲུང་གོ་ཕྱི་སྐད་ཅུས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁྱབ་སྤེལ་ལྟེ་གནས་ཀྱིས་ལོ་སི་དང་། ཐེ་ལན་གྱི་ཇུས་འདོན་ཚོགས་པ། དེ་བཞིན་ལོ་སིའི་ཀྲུང་ཧྭ་སྤྱི་ཁྱབ་ཚོང་ཚོགས་བཅས་དང་མཉམ་དུ་གཉེར་བ་ཞིག་ཡིན་པ་དེར་ཀྲུང་གོ་དང་། ལོ་སི། ཐེ་ལན་སོགས་རྒྱལ་ཁབ་ཀྱི་སྲིད་གཞུང་དང་། ཇུས་འདོན་ཚོགས་པ། ཚོང་དོན་ལས་རིགས། སློབ་མའི་འཐུས་མི་བཅས་མི་300ཙམ་ཞུགས་ཡོད།
ལོ་སིའི་ཙུང་ལི་གཞོན་པ་ཟུར་པ་སུང་ཧྲ་ཝ་ཡིས་ཤིས་ཚིག་བསྒྲོན་སྐབས། ལོ་ཀྲུང་གིས“རྒྱུད་གཅིག་ལམ་གཅིག”མཉམ་བསྐྲུན་དང་ལོ་ཀྲུང་གི་ལས་དབང་གཅིག་མཐུན་འདུས་གྲུབ་མཉམ་དུ་གཏོད་པའི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་བྱས་ཤིང་། ཁོང་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་ལས་མཉམ་སྦྲེལ་མཉམ་མཐུད་ལ་སྐུལ་འདེད་བཏང་ནས་གཉིས་ཁེ་གཉིས་ཕན་བྱུང་སྟེ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད་ཅེས་བརྗོད་པ་རེད།
ལོ་སིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་གནས་སྐབས་ངོ་ཚབ་ཝང་ཁྲང་གིས་ཤིས་ཚིག་བསྒྲོན་སྐབས། ཀྲུང་གོ་ཕྱོགས་ཀྱིས་ལོ་སི་ཕྱོགས་དང་མཉམ་དུ་ཀྲུང་ལོའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་ལོ་ལྔའི་བྱ་སྤྱོད་འཆར་གཞི་གསར་པ་ནུས་ཤུགས་ཡོད་རྒུས་དོན་འཁྱོལ་བྱེད་པ་དང“རྒྱུད་གཅིག་ལམ་གཅིག”སྤུས་ཚད་མཐོ་པོས་མཉམ་སྐྲུན་གྱི་མཉམ་ལས་ཟབ་ཏུ་བཏང་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་འབད་བརྩོན་ཆེན་པོ་དང་དཔེ་སྟོན་ཡག་པོ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།