ཀྲུང་གོ་ཕྱོགས་ཀྱིས་ཕ་དབྱིའི་གདོང་ཐུག་ཕྱོགས་ལ་དགྲར་འཛིན་བྱ་སྤྱོད་འཕྲལ་མར་སྤེལ་མཚམས་འཇོག་དགོས་པའི་འབོད་སྐུལ་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་ཟླ་11ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཚེས་7ཉིན། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་གཞོན་པ་ཀེང་ཧྲོང་གིས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཨུ་ཡོན་ལྷན་ཁང་བཞི་པས་མངའ་ཁོངས་ས་ཆ་གཞན་གྱིས་བཟུང་བའི་དམངས་ཚོགས་ཀྱི་དབང་ཆར་ཤུགས་རྐྱེན་ཐེབས་པའི་དབྱི་སི་རལ་གྱི་བྱེད་སྤྱོད་དང་གཞིས་ཆགས་བྱ་ཡུལ་གྱི་བྱེད་སྒོར་གྲོས་ཞིབ་བྱེད་སྐབས་གཏམ་བཤད་སྤེལ་ཏེ། ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གདོང་ཐུག་ཕྱོགས་ལ་དགྲར་འཛིན་བྱ་སྤྱོད་འཕྲལ་མར་སྤེལ་མཚམས་འཇོག་དགོས་པའི་འབོད་སྐུལ་བྱས་པ་རེད།
ཀེང་ཧྲོང་གིས་ཕ་ལེ་སི་ཐན་དང་དབྱི་སི་རལ་དབར་རེས་སྐོར་གསར་པའི་གདོང་ཐུག་བྱུང་ཚུན། མངའ་ཁོངས་ས་ཆ་གཞན་གྱིས་བཟུང་བའི་ཕ་ལེ་སི་ཐན་གྱི་དམངས་ཚོགས་དང་ལྷག་པར་དུ་ཅ་ཧྲ་ཁུལ་གྱི་དམངས་ཚོགས་ལ་ཆག་སྒོ་ཧ་ཅང་ཆེན་པོ་འཕྲད་བཞིན་ཡོད། མི་སེར་ལ་དམིགས་པའི་གཏུམ་སྤྱོད་དང་འཇབ་རྒོལ་མཐའ་དག་ལ་རྒོལ་གཏམ་གཏོང་དགོས་པ་དང་། རྒྱལ་སྤྱིའི་བཅའ་ཁྲིམས་ལས་འགལ་བའི་བྱེད་སྤྱོད་མཐའ་དག་ལ་ངོ་རྒོལ་བྱེད་དགོས་པ་ངེས་པར་དུ་སླར་ཡང་ཁ་གསལ་བཟོ་དགོས་ཞེས་བརྗོད་པ་རེད།
ཀེང་ཧྲོང་གིས་ཀྲུང་གོ་ཕྱོགས་ཀྱིས་གདོང་ཐུག་ཕྱོགས་ལ་དམག་མཚམས་འཇོག་དགོས་པའི་སྐོར་གྱི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཟིལ་གནོན་རང་བཞིན་གྱི་འབོད་སྒྲ་ཉན་ཏེ། དགྲ་འཛིན་བྱ་སྤྱོད་འཕྲལ་མར་སྤེལ་མཚམས་འཇོག་པ་དང་རང་རང་སོ་སོར་བྲལ་ནས། ནུས་ཤུགས་ཡོད་རྒུས་དུས་བབ་སྔར་ལས་ཛ་དྲག་ཏུ་མི་འགྲོ་བ་བྱེད་དགོས་པའི་འབོད་སྐུལ་བྱ་རྒྱུ་དང་། ཀྲུང་གོ་ཕྱོགས་ཀྱིས་བཙན་བཟུང་ཕྱོགས་ཡིན་པའི་དབྱི་སི་རལ་ལ་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་འོས་འགན་ཁུར་ཏེ། ཅ་ཧྲ་ཁུལ་གྱི་གཞི་རྩའི་འཚོ་གནས་དངོས་ཟོག་མཁོ་སྤྲོད་ལས་ཀ་གང་མགྱོགས་སླར་གསོ་དང་། ས་གནས་དེ་གའི་འཕྲིན་གཏོང་འགན་ལེན། རོགས་སྐྱོབ་བགྲོད་ལམ་ཤར་གཏོང་འགན་ལེན། ཅ་ཧྲ་ཁུལ་གྱི་དམངས་ཚོགས་མཉམ་སྡེབ་ལ་ཆད་པ་གཅོད་མཚམས་འཇོག་དགོས་པའི་འབོད་སྐུལ་བྱ་རྒྱུ། ཕ་ལེ་སི་ཐན་གྱི་དམངས་ཚོགས་བཙན་ཤེད་ཀྱིས་ཡུལ་གྱར་དུ་འགྲོ་རུ་འཇུག་པ་དང་བཙན་ཤེད་ཀྱིས་གནས་སྤོ་རུ་འཇུག་པར་ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་དང་འབྲེལ། ཅ་ཧྲ་ཁུལ་བྱང་ཕྱོགས་ཀྱི་ཛ་དྲག་ཁ་འགྲེམ་བཀའ་རྒྱ་འཕྲལ་མར་ཕྱིར་འཐེན་བྱེད་དགོས་པའི་འབོད་སྐུལ་བྱ་རྒྱུ་བཅས་ཡིན་ཞེས་བརྗོད་པ་རེད།
ཀེང་ཧྲོང་གིས་ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་འགན་ཁུར་བ་དང་དོན་སྙིང་ལྡན་པའི་བྱ་སྤྱོད་སྤེལ་ཏེ། ཕ་ལེ་སི་ཐན་མི་དམངས་ཀྱི་འཕྲོག་ཐབས་བྲལ་བའི་དབང་ཆ་སླར་གསོ་དང་སྤྱོད་པར་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བྱ་རྒྱུ་ཡིན། ཟླ་བ་འདིའི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞི་ཡིན་པའི་ཀྲུང་གོ་ཕྱོགས་ཀྱིས། འབྲེལ་ཡོད་ཕྱོགས་ཁག་དང་མུ་མཐུད་འབྲེལ་གཏུག་དམ་ཟབ་བྱས་ཏེ། དམག་མཚམས་འཇོག་པར་སྐུལ་འདེད་གཏོང་བ་དང་། མི་སེར་ལ་སྲུང་སྐྱོབ་བྱེད་པ། མི་ཆོས་ཀྱི་གནོད་འཚེ་དེ་བས་ཆེ་བ་མི་ཐོན་པ་བྱེད་པ་བཅས་ཀྱི་ཆེད་དུ་དགེ་མཚན་ལྡན་པའི་ནུས་པ་འདོན་པ་དང་ཕ་ལེ་སི་ཐན་གྱི་གནད་དོན་ཕྱོགས་ཡོངས་དང་། དྲང་གཞག རྒྱུན་སྲིང་བཅས་ཀྱི་སྒོ་ནས་ཐག་གཅོད་བྱ་ཆེད་འབད་བརྩོན་ལྷོད་མེད་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།