ནང་འདྲེན་དངོས་མང་སྟོན་ཚོགས་ནི་རྒྱལ་སྤྱིའི་ཚོང་དོན་ལ་སྐུལ་འདེད་གཏོང་བའི་ལས་སྟེགས་གལ་ཆེན་ཞིག་རེད།
—— མཉམ་འབྲེལ་རྒྱལ་ཚོགས་ཚོང་དོན་དང་འཕེལ་རྒྱས་ཚོགས་འདུའི་དྲུང་ཆེ་ལེ་ཝུའེ་ཁ·ཀེ་ལིན་སི་ཕན་ལ་བཅར་འདྲི་བྱས་པའི་སྐོར་བཀོད་པ།
མཉམ་འབྲེལ་རྒྱལ་ཚོགས་ཚོང་དོན་དང་འཕེལ་རྒྱས་ཚོགས་འདུའི་དྲུང་ཆེ་ལེ་ཝུའེ་ཁ·ཀེ་ལིན་སི་ཕན་གྱིས་ཉིན་ཤས་གོང་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཡིག་ཐོག་བཅར་འདྲི་དང་ལེན་བྱེད་སྐབས། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས(ནང་འདྲེན་དངོས་མང་སྟོན་ཚོགས)ནི་རྒྱལ་སྤྱིའི་ཚོང་དོན་ལ་སྐུལ་འདེད་དང་རྒྱལ་ཁབ་ཁག་གིས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ཐད་སྐད་ཆ་ཤོད་རེས་བྱེད་པའི་ལས་སྟེགས་གལ་ཆེན་ཞིག་ཡིན་ལ། ཁེ་ལས་འབྲིང་ཆུང་ཚུད་པའི་ཕྱི་རྒྱལ་གྱི་ཁེ་ལས་ཀྲུང་གོའི་ཁྲོམ་རར་ཞུགས་པའི་ལས་སྟེགས་གལ་ཆེན་ཞིག་ཀྱང་རེད་ཅེས་བརྗོད་པ་རེད།
ཀེ་ལིན་སི་ཕན་གྱིས་ནང་འདྲེན་དངོས་མང་སྟོན་ཚོགས་ནི་ཁེ་ལས་འབྲིང་ཆུང་ཚུད་པའི་ཕྱི་རྒྱལ་གྱི་ཁེ་ལས་མང་པོ་ཞིག་ཀྲུང་གོའི་ཡངས་ཤིང་རྒྱ་ཆེ་བའི་ཁྲོམ་རར་ཞུགས་པ་དང་འབྲེལ་དེ་ལས་ཕན་པ་འཐོབ་པར་བྱེད་པའི་ལས་སྟེགས་གལ་ཆེན་ཞིག་ཡིན་པས་ཕྱི་རྒྱལ་གྱི་ཁེ་ལས་ལ་ཁྲོམ་རའི་གནས་ཚུལ་ཁོང་དུ་ཆུད་པ་དང་། མཉམ་ལས་རོགས་ཟླར་འབྲེལ་བ། ཁྲོམ་ར་ལྟ་འདོམས་ཀྱི་བླང་བྱ་གསར་པ་ཤེས་རྟོགས་བཅས་བྱེད་པའི་གོ་སྐབས་མཁོ་འདོན་བྱས་ཡོད་ཅེས་བརྗོད་པ་རེད།
ཁོང་གིས་ཁེ་ལས་འབྲིང་ཆུང་གིས་གོ་ལ་ཧྲིལ་པོའི་ཚོང་ལས་ཁྱབ་ཁོངས་དང་དཔལ་འབྱོར་བསྡོམས་འབོར་གྱི་སྐལ་གྲངས་གལ་ཆེན་བཟུང་བ་དང་འབྲེལ་ལས་ཞུགས་ལས་གནས་འབོར་ཆེན་མཁོ་འདོན་བྱས་ཡོད། ཁེ་ལས་འབྲིང་ཆུང་ལ་ཀྲུང་གོའི་འཕར་སྣོན་དང་། ཚོང་དོན། ཁྲོམ་རའི་འགུལ་རྣམ་བཅས་ཀྱི་ཁྲོད་ནས་ཁེ་ཕན་ཐོབ་པར་བྱེད་པ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད་ཅེས་བརྗོད་པ་རེད།
ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དྲུག་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས་འདི་ལོའི་ཧུང་ཆའོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་ཀྱིས“ལག་གདང་སྦྲེལ་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྒོ་མོ་དབྱེ་ནས་འབྱུང་འགྱུར་ཁེ་ཕན་ཐོབ་པར་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཡོད། ཀེ་ལིན་སི་ཕན་གྱིས“དེ་ནི་གལ་འགངས་ཤིན་ཏུ་ཆེ་བའི་བརྗོད་དོན་གཙོ་བོ་ཞིག་རེད། དེས་ང་ཚོར་དཔལ་འབྱོར་དངོས་ཚན་དང་། རྒྱལ་ཁབ། སྤྱི་ཚོགས་བཅས་གང་ཞིག་ཡིན་རུང་ཁེར་རྐྱང་ངང་དར་རྒྱས་གོང་འཕེལ་ཡོང་ཐབས་བྲལ་བ་ཞིག་ཡིན་པའི་དྲན་སྐུལ་བྱས་ཡོད”ཅེས་བརྗོད་པ་རེད།
ཀེ་ལིན་སི་ཕན་གྱིས་འཕེལ་རྒྱས་ནི་རྒྱལ་ཕམ་རོལ་རྩེད་མིན་ལ་རྒྱལ་ཁབ་གཅིག་ལ་གྲུབ་འབྲས་ཐོབ་པ་དེས་རྒྱལ་ཁབ་གཞན་ཞིག་ཉམས་རྒུད་དུ་ཕྱིན་པ་མཚོན་གྱི་མེད། “ང་ཚོས་ད་ཐེངས་ཀྱི་གླེང་སྟེགས་འདི་འདུན་པ་དེ་བྱ་སྤྱོད་དངོས་ལ་བསྒྱུར་བའི་གོ་སྐབས་ཤིག་ཏུ་འགྱུར་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་བརྗོད་པ་རེད།
ཁོང་གིས་མིག་སྔར་ཀྲུང་གོ་འདི་ཉིད་དཔལ་འབྱོར་གཞན་སྒྱུར་གྱི་བརྒྱུད་རིམ་ཁྲོད་གནས་པ་དང་འབྲེལ་སྔར་བཞིན་གོ་ལ་ཧྲིལ་པོའི་ཚོང་ཟོག་དང་ཞབས་ཞུ་ཕྱིར་གཏོང་ནང་འདྲེན་གྱི་རྒྱལ་ཁབ་གཙོ་བོ་ཞིག་ཏུ་འགྱུར་རྒྱུ་རེད། ཀྲུང་གོའི་དཔལ་འབྱོར་བསྐྱར་འཕར་དང་ལེགས་སུ་འགྲོ་བཞིན་ཡོད་པ་དང་ཀྲུང་གོའི་དཔལ་འབྱོར་འཕར་རྒྱུ་དེ་བཟོ་ལས་ཐོན་སྐྱེད་དང་། རྨང་གཞིའི་སྒྲིག་བཀོད། ཟོག་འགྲེམས། དེ་བཞིན་ལག་རྩལ་ཐད་ཀྱི་ལེགས་ཆའི་ཐོག་བཙུགས་པ་དེ་གོ་ལ་ཧྲིལ་པོའི་ཚོང་དོན་དང་རིན་ཐང་འཁོར་འབྲེལ་ཁྲོད་ཀྲུང་གོས་ནུས་པ་གལ་ཆེན་འདོན་སྤེལ་བྱས་པ་མཚོན་ཡོད་ཅེས་བརྗོད་པ་རེད།
ཚོང་དོན་དང་འཕེལ་རྒྱས་ཚོགས་འདུའི་དྲུང་ཆེ་ཡིན་པའི་ཀེ་ལིན་སི་ཕན་གྱིས་ཀྲུང་གོ་དང་འབྲེལ་བ་བྱ་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་སྟེ་ཕྱོགས་གཉིས་པོས་དར་རྒྱས་དང་རྒྱུན་མཐུད་ཆོག་པའི་འཛམ་གླིང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད།
(ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རི་ནེ་ཝ་ནས་ཟླ་11ཚེས་8ཉིན་འབྱོར་བའི་གློག་འཕྲིན)