ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དཔེ་སྟོན་ཁུལ་གྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་ཀྱི་ཁེ་ལས་ལ་ཚོང་ལས་གོ་སྐབས་འཚོལ་རོགས་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་ཧྲང་ཧའེ་ནས་ཟླ་11ཚེས་7ཉིན་གློག་འཕྲིན་འབྱོར་གསལ། འཚོག་བཞིན་པའི་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དྲུག་པའི་བཟའ་བཅའ་དང་ཞིང་ལས་ཐོན་རྫས་འགྲེམས་ཁུལ་གྱི་ཀྲུང་གོ་—ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ས་གནས་དཔལ་འབྱོར་ཚོང་དོན་མཉམ་ལས་དཔེ་སྟོན་ཁུལ་གྱི་ཆེད་འགྲེམས་ཁུལ་དུ་སྐྱོད་སྐབས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་ཀྱི་ཁྱད་ལྡན་ཚོང་ཟོག་སྣ་ཁ་100ལྷག་ཙམ་འགྲེམས་སྟེགས་ཐོག་གྲལ་སྒྲིག་པོས་བསྒྲིགས་པར་དེ་གར་ཡོང་མཁན་ཚོང་པའི་ཡིད་དབང་བཀུག་གི་ཡོད།
ནང་འདྲེན་དངོས་མང་སྟོན་ཚོགས་ལས་སྟེགས་སུ་བྱས་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་ཀྱི་ཁེ་ལས་ལ་ཀྲུང་གོའི་ཁྲོམ་ར་གསར་སྤེལ་བྱེད་རོགས་བྱས་ཡོད། ཆིང་ཏའོ་གྲོང་ཨུད་ཀྱི་རྒྱུན་ཨུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་དཔེ་སྟོན་ཁུལ་ཏང་དོན་ཨུ་ལྷན་གྱི་ཧྲུའུ་ཅི་ཀྲང་ཤིན་ཀྲུའུ་ཡིས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་ཀྱི་ཁྱད་ལྡན་ཚོང་ཟོག་རྒྱལ་ནང་དུ་སྤུས་རྟགས་ཁས་ལེན་བྱེད་ཚད་དང་། སྣ་ཁ་ཕུན་སུམ་ཚོགས་ཚད། སྤུས་ཀར་བློ་ཡིད་ཚིམ་ཚད་བཅས་མཐོ་རུ་གཏོང་བ་དང་ཆབས་ཅིག་ཧྲང་ཧའེ་མཉམ་ལས་རྩ་འཛུགས་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་དབར་ཚོང་དོན་འགྲོ་འོང་བྱེད་རྒྱ་ཆེ་རུ་གཏོང་རྒྱུར་ཕན་ཐོགས་ཡོད་ཅེས་བཤད་པ་རེད།
ལས་སྟེགས་བསྐྲུན་རྒྱུ་དཔེར་བཞག་ན། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྒྱལ་ཁབ་དང་ས་གནས་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་དཀའ་གནད་ལ་དམིགས་ནས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་དཔེ་སྟོན་ཁུལ་གྱིས་ཀྲུང་གོ་—ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ས་གནས་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་ཕྱོགས་བསྡུས་ཞབས་ཞུའི་ལས་སྟེགས་དང་ཆིང་ཏའོ་རྒྱལ་སྤྱིའི་ནུས་རྒྱུ་ཉོ་ཚོང་ལྟེ་གནས་སོགས་ལས་སྟེགས་བསྐྲུན་པ་དང་གཉེར་སྐྱོང་བྱས་ནས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྒྱལ་ཁབ་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་དབར་མ་འཇོག་དང་ཚོང་དོན་སྟབས་བདེ་ཅན་བསྐྲུན་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད།