རྒྱལ་ཁབ་ཀྱི་སྤྱི་སྤྱོད་ལོང་ཡིག་དང་ལོང་བའི་བོད་ཡིག་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་པ།
ཉེ་ཆར། རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས“རྒྱལ་ཁབ་ཀྱི་སྤྱི་སྤྱོད་ལོང་ཡིག་དང་ལོང་བའི་བོད་ཡིག་གསོ་སྦྱོང་འཛིན་གྲྭ་དང‘ཁུལ་གསུམ’གྱི་ཤེས་ལྡན་མི་སྣའི་རྒྱབ་སྐྱོར་འཆར་གཞིའི་རིག་གནས་ལས་དོན་པའི(རིག་གནས་ཤེས་ལྡན་པའི་ཆེད་དོན)གསོ་སྦྱོང་འཛིན་གྲྭ”གཉེར་ཞིང་། ལྗོངས་ཡོངས་ཀྱི་མཐོང་སྒྲིབ་ཀློག་པ་པོ་དང་དམིགས་བསལ་སློབ་གྲྭའི་དགེ་རྒན་སོགས་མི་30ལྷག་ཙམ་གསོ་སྦྱོང་ལ་ཞུགས་ཡོད་པ་རེད།
རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་འགོ་འཛིན་གཞོན་པ་སྤེན་པ་ཚེ་རིང་གིས་ད་ཐེངས་ཀྱི་གསོ་སྦྱོང་འཛིན་གྲྭ་ནི་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས“སྤྱི་པའི་རིག་གནས་ཞབས་ཞུ་དོ་སྙོམས་ཅན”ལག་བསྟར་བྱེད་པའི་ཞིབ་ཕྲའི་ལས་དོན་གྱི་གྲས་ཤིག་རེད། སླད་ཕྱིན་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་རང་ལྗོངས་ཀྱི་མཐོང་སྒྲིབ་མི་ཚོགས་ལ་སྤྱི་པའི་ཞབས་འདེགས་ཞུ་རྒྱུར་མུ་མཐུད་གཞོལ་ནས་སྣ་མང་དང་ཞི་མཐུན་གྱི་སྤྱི་ཚོགས་སྐད་བརྡའི་འཚོ་བ་དང་ཆ་འཕྲིན་ལ་འགོག་རྐྱེན་མེད་པའི་སྤྱི་ཚོགས་བསྐྲུན་ཆེད་འབད་བརྩོན་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།