དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ཉོ་ཚོང་ཚོགས་པའི་སྣེ་ཁྲིད་དེ་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དྲུག་པར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-09

    ཚེས་5ཉིན། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དྲུག་པ་ཧྲང་ཧའེ་རུ་འགོ་ཚུགས་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཡུང་འགོ་ཚུགས་མཛད་སྒོར་ཞུགས་པ་དང་བོད་ཀྱི་ཉོ་ཚོང་ཚོགས་པའི་སྣེ་ཁྲིད་དེ་འབྲེལ་ཡོད་བྱེད་སྒོར་ཞུགས་པ་དང་འབྲེལ་སྐོར་སྐྱོད་འགྲེམས་སྟོན་བྱས་པ་རེད།

    ནང་འདྲེན་དངོས་མང་སྟོན་ཚོགས་རིང་། ཝང་ཡུང་གིས་སྔ་རྗེས་སུ་ནང་འདྲེན་དངོས་མང་སྟོན་ཚོགས་ཀྱི་འགོ་ཚུགས་མཛད་སྒོ་དང“ཀྲུང་གོའི་མ་འཇོག་ལོའི”མཐོ་རིམ་ཚོགས་འདུ་དང་དེ་བཞིན་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཚོང་འགུགས་མ་འདྲེན་གྱི་མཚམས་སྦྱོར་ཚོགས་འདུར་ཞུགས་པ་མ་ཟད། ད་དུང་ཀྲུང་གོ་དངུལ་ཁང་སྤྱི་ཁྱབ་དངུལ་ཁང་གི་འགོ་ཁྲིད་དང་མཇལ་འཛོམས་གནང་བ་རེད། བོད་ལྗོངས་འགྲེམས་ཁང་དུ་སྐོར་སྐྱོད་འགྲེམས་སྟོན་བྱེད་སྐབས། འགྲེམས་སྟོན་ལ་ཞུགས་མཁན་ཁེ་ལས་ཀྱི་འཐུས་མིར་བྱམས་བརྩེའི་འཚམས་འདྲི་གནང་བ་དང་ཁེ་ལས་ཀྱི་འགྲེམས་ཚོགས་ལ་ཞུགས་པའི་གནས་ཚུལ་དང་འཕེལ་རྒྱས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། ཧྲང་ཧའེ་ཧྥུའུ་ཤིང་ཚོགས་པར་བརྟག་ཞིབ་ཀྱང་གནང་བ་རེད།

    རང་ལྗོངས་ཀྱི་ཁེ་ལས་ལ་རྒྱལ་ནང་གི་ཁྲོམ་ར་ཆེན་པོའི་གོ་སྐབས་དང་། ལམ་ལུགས་རྣམ་པའི་སྒོ་དབྱེའི་གོ་སྐབས། རྒྱལ་སྤྱིའི་མཉམ་ལས་ཟབ་ཏུ་གཏོང་བའི་གོ་སྐབས་བཅས་དེ་བས་མང་བ་ལོངས་སྤྱོད་ཐུབ་པ་བྱ་ཆེད། རང་ལྗོངས་ཀྱིས་ཁེ་ལས་དང་བྱ་གཞག་ཚན་པ་49སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ་ནང་འདྲེན་དངོས་མང་སྟོན་ཚོགས་ལ་ཞུགས་ནས། ནང་འདྲེན་ཉོ་སྒྲུབ་དང་མཉམ་ལས་ཀྱི་ངོ་འཕྲད་གྲོས་མོལ་སོགས་ཀྱི་དཔལ་འབྱོར་ཚོང་དོན་སྤེལ་རེས་བྱེད་སྒོ་སྤེལ་བ་དང་འབྲེལ་ནང་འདྲེན་དངོས་མང་སྟོན་ཚོགས་ལ་ཞུགས་རིང་མི་ཆོས་རིག་གནས་སྤེལ་རེས་དང་། ཚོང་འགུགས་མ་འདྲེན་མཚམས་སྦྱོར་ཚོགས་འདུ། ཚོང་རྟགས་རྙིང་པའི་ཐོན་རྫས་འགྲེམས་སྟོན། ཁེ་ལས་སུ་བརྟག་ཞིབ་སོགས་ཀྱི་བྱེད་སྒོ་སྤེལ་ཏེ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་དང་རིག་གནས་ཡུལ་སྐོར་ཐད་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་འགྱུར་ལྡོག་ཆེན་པོ་ཕྱོགས་ཡོངས་ནས་མངོན་པར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།