ཞི་ཅིན་ཕིང་གིས་ཁུ་པའི་ཙུང་ལི་མཱ་ལེ་ལུའོ་དང་མཇལ་འཛོམས་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་6ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཁུ་པའི་ཙུང་ལི་མཱ་ལེ་ལུའོ་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་ཁུ་པ་ནི་གྲོགས་པོ་ཡག་པོ་དང་། བློ་མཐུན་ཡག་པོ། སྤུན་ཟླ་ཡག་པོ་བཅས་རེད། ཀྲུང་གོ་དང་ཁུ་པའི་སྐབས་རིམ་བྱུང་གི་འགོ་ཁྲིད་ཀྱི་སྣེ་ཁྲིད་དང་སྐྱེད་སྲིང་འོག་རྒྱལ་ཁབ་གཉིས་པོས་རང་རྒྱལ་ཁབ་ཀྱི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་ལམ་བུར་ལག་གདང་སྦྲེལ་ནས་མདུན་སྐྱོད་དང་། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་གཞོགས་འདེགས་དམ་ཟབ་བཅས་བྱས་པས་ཁ་དན་ཚིག་གནས་ཀྱི་འབྲེལ་བ་བརྟན་པོ་ཞིག་ཆགས་ཡོད། ཀྲུང་གོ་ཕྱོགས་ཀྱིས་འཐབ་ཇུས་ཀྱི་མཐོ་ཚད་དང་ཕྱོགས་ཡོངས་ཀྱི་ཟུར་ཚད་ནས་ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་དམིགས་བསལ་གྱི་མཛའ་གྲོགས་འབྲེལ་བར་ལྟ་སྟངས་འཛིན་པ་དང་འཕེལ་རྒྱས་གཏོང་བ་དང་ཀྲུང་ཁུ་རྒྱལ་ཁབ་གཉིས་ཀྱི་ཡུན་རིང་མཛའ་གྲོགས་མཛད་ཕྱོགས་མཐའ་འཁྱོངས་བྱས་ནས་ཁུ་པ་ཕྱོགས་དང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་དང་འཐབ་ཇུས་རོགས་ལས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་ཏང་སྐྱོང་རྒྱལ་སྐྱོང་གི་རིགས་པའི་གཞུང་ལུགས་ཀྱི་བགྲོ་གླེང་དང་ཉམས་མྱོང་སྤེལ་རེས་བྱེད་འདོད་ཡོད། ཁུ་པ་མི་དམངས་ཀྱིས་ཕྱི་ཕྱོགས་ཀྱི་ཐེ་ཇུས་དང་བཀག་སྡོམ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས་རྒྱལ་ཁབ་ཀྱི་བདག་དབང་དང་མི་རིགས་ཀྱི་ལ་རྒྱ་སྲུང་སྐྱོང་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱི་ཡིན།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། “རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པའི་ཐོག་ངས་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་བྱ་སྤྱོད་ཁག་བརྒྱད་ཁྱབ་བསྒྲགས་བྱས་ཡོད། ཁུ་པ་ཕྱོགས་ཀྱིས་འབྲེལ་མཐུད་ཧུར་ཐག་དང་ལྷག་པར་དུ་ཞིང་ལས་དང་། ཡུལ་སྐོར། འཕྲོད་བསྟེན། ཚན་རྩལ། ཆ་འཕྲིན་འཕྲིན་གཏོང་སོགས་ཁྱབ་ཁོངས་སུ་མཉམ་ལས་ཀྱི་མངོན་མེད་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱས་ནས་རྒྱལ་ཁབ་གཉིས་པོའི་མཉམ་ལས་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་རྒྱུར་དགའ་བསུ་ཞུ་གི་ཡིན། ཁུ་པ་ཕྱོགས་ཀྱིས་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སོགས་ཀྱི་ལས་སྟེགས་གལ་ཆེན་མུ་མཐུད་བེད་སྤྱོད་ཡག་པོ་བྱས་ནས་ཁྱད་ལྡན་ཐོན་རྫས་དེ་བས་མང་བ་ཀྲུང་གོའི་ཁྲོམ་རར་འདོན་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད། འདི་ལོའི་ཟླ་9པར་ཁུ་པས“རྒྱལ་ཁབ་77ཚོགས་པ་དང་ཀྲུང་གོའི”དབུ་ཚོགས་གྲུབ་འབྲས་ཐོབ་པའི་ངང་འཚོགས་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁུ་པ་ཕྱོགས་དང་མཉམ་དུ་མུ་མཐུད་ལག་གདང་སྦྲེལ་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་འདོད་ཡོད།
མཱ་ལེ་ལུའོ་ཡིས་བློ་མཐུན་ལའོ་ཨར་དང་། ཀྲུང་ཞི་ཏི་ཡ་སི-ཁ་ནེར་རྣམ་གཉིས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་མཛའ་བརྩེའི་འཚམས་འདྲི་གནང་ལུགས་བརྒྱུད་ཞུ་གནང་ཞིང་། ཁོང་གིས་ཀྲུང་གོར་ཡོང་ནས་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དྲུག་པར་ཞུགས་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ད་ཐེངས་ཀྱི་འཚམས་འདྲི་བརྒྱུད་ཀྲུང་གོའི་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་རླབས་པོ་ཆེ་དང་དེ་བཞིན་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་གསར་བརྗེ་དང་འཕེལ་རྒྱས་ཀྱི་འཕེལ་རིམ་ཁྲོད་སྲོག་ཤིང་གི་འགོ་ཁྲིད་ནུས་པ་འདོན་སྤེལ་བྱས་པ་ངས་ཤེས་རྟོགས་དེ་བས་གཏིང་ཟབ་བྱུང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་དགོངས་པ་གལ་ཆེན་ནི་ཁུ་པ་དང་འཛམ་གླིང་ཚང་མའི་ངོས་ནས་བརྗོད་ན་བློ་སྒོ་ཕྱེ་བ་དང་དཔྱད་གཞི་གལ་ཆེན་ཞིག་རེད། དུས་ཡུན་རིང་པོའི་ནང་ཀྲུང་གོ་ཕྱོགས་ཀྱིས་ཁུ་པར་ལྷག་བསམ་ཟོལ་མེད་ཀྱི་རོགས་རམ་མང་པོ་བྱས་པ་དེ་ཁུ་པའི་ངོས་ནས་བརྗོད་ན་དཀའ་ངལ་ཁྱད་བསད་དང་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསུངས་པ་རེད།