དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཨར་པཱ་ཉི་སི་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-11-08

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་6ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཕེབས་པའི་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཨར་པཱ་ཉི་སི་དང་མཇལ་འཛོམས་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། འདི་ལོ་ནི་ཙུང་ལི་ཧུའེ་ཐེ་ལ་མུའུ་ཡིས་ཀྲུང་གོར་འཚམས་འདྲི་གནང་ནས་ལོ་50འཁོར་བའི་ལོ་ཡིན་པས། ད་ཐེངས་ཁྱེད་ཀྱིས་འཚམས་འདྲི་གནང་བ་ནི་སྔར་སོང་རྒྱུན་འཛིན་དང་མ་འོངས་གསར་གཏོད་ཅིག་རེད་ཅེས་བརྗོད་ཆོག ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག་ཀྲུང་ཨོ་རྒྱལ་ཁབ་གཉིས་པོས་ཁྱབ་ཁོངས་ཁག་གི་སྤེལ་རེས་སླར་གསོ་བྱས་ནས་འཕེལ་རྒྱས་ཀྱི་འབྲེལ་བ་ལེགས་སུ་གཏོང་བའི་ཡང་དག་པའི་ལམ་བུར་བསྐྱོད་ཡོད། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡ་གཉིས་ཀ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་རྒྱལ་ཁབ་དང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཁོངས་མི་གལ་ཆེན་ཞིག་ཡིན་པ་དང་། རྒྱལ་ཁབ་གཉིས་པོར་ལོ་རྒྱུས་ཐོག་ཏུ་འཁོན་འཛིན་དང་འགལ་ཟླ་མེད་ལ་རྩ་བའི་ཁེ་ཕན་གྱི་གདོང་ཐུག་ཡང་མེད་པས་ཕན་ཚུན་ཡིད་ཆེས་དང་ཕན་ཚུན་གྲུབ་འབྲས་གཏོད་རོགས་བྱེད་པའི་རོགས་ཟླར་འགྱུར་ཆོག

    ཕྱོགས་གཉིས་པོས་འཛམ་གླིང་གི་འཕེལ་ཕྱོགས་ཆེན་པོར་འགྱུར་ལྡོག་གཏིང་ཟབ་འགྲོ་རིང་ཀྲུང་ཨོའི་འབྲེལ་བའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཡང་དག་ལ་སྟངས་འཛིན་བྱེད་དགོས། རྒྱལ་ཁབ་འདི་གའི་དམིགས་བསལ་གྱི་ལྟ་ཕྱོགས་ནས་བལྟས་ན། འཛམ་གླིང་ནི་གུ་དོག་པ་ཞིག་དང་དུས་དང་རྣམ་པ་ཀུན་ཏུ་ཉེན་ཁ་དང་འགྲན་རྩོད་ཀྱིས་ཁེངས་པ་ཞིག་རེད། ལས་དབང་གཅིག་གྱུར་གྱི་ངོས་ནས་བལྟས་ན། འཛམ་གླིང་ནི་ཡངས་ཤིང་རྒྱ་ཆེ་བ་ཞིག་ཡིན་པས་དུས་དང་རྣམ་པ་ཀུན་ཏུ་གོ་སྐབས་དང་མཉམ་ལས་འཕྲད་སྲིད། གོ་ལ་ཧྲིལ་པོའི་རང་བཞིན་ལྡན་པའི་ཉམས་ཉེན་གྱི་རྦ་རླབས་དྲག་པོའི་ཁྲོད་དུ་རྒྱལ་ཁབ་ཁག་སོ་སོ་གྲུ་ཆུང་190ལྷག་ཙམ་ལ་བསྡད་པ་ཞིག་མིན་པར་ལས་དབང་གཅིག་མཐུན་གྱི་གྲུ་གཟིངས་ཆེན་པོར་བསྡད་ཡོད། ཀྲུང་ཨོ་རྒྱལ་ཁབ་གཉིས་པོས་དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་ནས་རྒྱལ་ཁབ་གཉིས་པོའི་ཐུན་མོང་གི་ཁེ་ཕན་དང་ཟུང་འབྲེལ་བྱས་ཏེ་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག གཉིས་ཕན་མཉམ་ལས་བཅས་ཀྱི་ཀྲུང་ཨོའི་འབྲེལ་བ་མཉམ་དུ་བཙུགས་ནས་ཀྲུང་ཨོ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། དེ་ནི་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཐུན་མོང་གི་ཁེ་ཕན་དང་མཐུན་པ་དང་ས་ཁུལ་དང་རྒྱལ་ཁབ་ཀྱི་ཐུན་མོང་གི་རེ་སྒུག་དང་མཐུན་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་ལས་བྱུང་བའི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་དེ་བས་ཡག་པོ་གཅོག་པར་ཡང་ཕན་པ་ཡོད་པ་རེད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དེང་སྐབས་འཛམ་གླིང་གི་དཔལ་འབྱོར་བརྟན་པོ་མེད་པ་དང་། གཏན་འཁེལ་མེད་པ། སྔོན་དཔག་དཀའ་བ་བཅས་ཀྱི་རྒྱུ་རྐྱེན་མང་དུ་འགྲོ་བ་དང་རྒྱལ་ཁབ་ཁག་གི་དཔལ་འབྱོར་ལ་འགྲན་སློང་ཆེན་པོ་ཕྲད་ཡོད། རྙོག་འཛིང་ཆེ་བའི་ཕྱི་ཕྱོགས་ཁོར་ཡུག་གི་མདུན་དུ་ཀྲུང་གོའི་དཔལ་འབྱོར་གྱིས་གནོན་ཤུགས་ཐེག་ཐུབ་པ་དང་། གཞི་ཁྱོན་བརྟན་དུ་ཕྱིན་པ། སྤུས་ཚད་མཐོ་རུ་ཕྱིན་པ། ཀྲུང་གོའི་འཕེལ་རྒྱས་ལ་སྔར་བཞིན་འདེགས་སྐྱོར་གྱི་རྨང་གཞི་བཟང་པོ་དང་དགེ་མཚན་ལྡན་པའི་ཆ་རྐྱེན་མང་པོ་ལྡན་ཡོད་པས་ཀྲུང་གོས་རང་ངོས་བརྟན་པོའི་ངང་འཕེལ་རྒྱས་བཏང་བས་གཏན་འཁེལ་མེད་པའི་འཛམ་གླིང་གི་དཔལ་འབྱོར་ལ་གཏན་འཁེལ་རང་བཞིན་རྩ་ཆེན་མཁོ་འདོན་བྱས་ཡོད། ཀྲུང་གོ་འཕེལ་རྒྱས་གཏོང་བར་འཛམ་གླིང་དང་ཁ་འབྲལ་ཐབས་མེད་ལ། འཛམ་གླིང་འཕེལ་རྒྱས་གཏོང་བར་ཡང་ཀྲུང་གོ་དགོས་ཀྱི་ཡོད། ཀྲུང་གོས་གཉིས་ཁེ་གཉིས་ཕན་གྱི་སྒོ་དབྱེའི་འཐབ་ཇུས་ལག་ལེན་བསྟར་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་སྐུལ་འདེད་བཏང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བས་ཨོ་སི་ཁྲུ་ལི་ཡ་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་ལ་སྔར་འབྱུང་མྱོང་མེད་པའི་གོ་སྐབས་འཐོབ་སྲིད། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡས་ཞི་བདེ་མཉམ་གནས་བྱེད་རིང་ཕན་ཚུན་བསམ་ཤེས་དང་ཡིད་ཆེས་ཟབ་ཏུ་བཏང་ནས་གཉིས་ཁེ་མཉམ་ལས་བྱེད་རིང་ཐུན་མོང་འཕེལ་རྒྱས་ཡོང་བར་བྱེད་དགོས། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་རང་མོས་ཚོང་དོན་གྲོས་ཆོད་ཀྱི་མངོན་མེད་སྟོབས་ཤུགས་གང་ལེགས་བཏོན་ནས་གནམ་གཤིས་ཀྱི་འགྱུར་ལྡོག་དང་ལྗང་མདོག་དཔལ་འབྱོར་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་བཏང་སྟེ་གོ་ལ་ཧྲིལ་པོ་དང་ས་ཁོངས་ཀྱི་རང་མོས་ཚོང་དོན་མ་ལག་ལ་སྲུང་སྐྱོང་བྱས་ནས་རྒྱལ་ཁབ་གཉིས་པོའི་ཁེ་ལས་ཀྱི་མ་དངུལ་དང་གཉེར་སྐྱོང་ལ་ཚོང་གཉེར་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས། རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གིས་ཁྲིམས་འཛུགས་ལས་ཁུངས་དང་། སྲིད་ཏང་། ཇུས་འདོན་ཚོགས་པ། གཞོན་ནུ། ས་གནས་བཅས་དབར་གྱི་སྤེལ་རེས་ལ་རྒྱབ་སྐྱོར་བྱས་ནས་མི་འགྲོ་འོང་ལ་སྟབས་བདེའི་ཆ་རྐྱེན་དེ་བས་མང་བ་གཏོད་པ་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ཕན་ཚུན་རྒྱུས་མངའ་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཀྱི་དམངས་འདོད་རྨང་གཞི་བརྟན་དུ་གཏོང་དགོས། ཀྲུང་གོས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་དུ་གཞན་པ་ཕྱིར་འབུད་ཀྱི་འཁོར་རྒྱ་ཆུང་ངུ་མི་འཛུགས་པ་དང་། ཚོགས་པའི་ཆབ་སྲིད་མི་གཉེར་བ། དཔུང་ཁག་གི་འགྲན་རྒོལ་མི་བྱེད་པ་བཅས་བྱེད་ཀྱི་ཡོད། འཁོར་རྒྱ་ཆུང་ངུས་གོ་ལ་ཧྲིལ་པོར་འཕྲད་པའི་འགྲན་སློང་ཆེན་པོ་ཐག་གཅོད་མི་ཐུབ་པ་དང་ཚོགས་པ་ཆུང་ངུ་དེང་སྐབས་འཛམ་གླིང་གི་འགྱུར་ལྡོག་ཆེན་པོ་དང་མཐུན་ཐབས་མེད།

    ཨར་པཱ་ཉི་སིས་སྐུ་ཞབས་ཧུའེ་ཐེ་ལ་མུའུ་ཡིས་ཀྲུང་གོར་འཚམས་འདྲི་གནང་ནས་ལོ་50འཁོར་བའི་ལོ་རྒྱུས་རང་བཞིན་གྱི་དུས་སྐབས་འདིར་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་སླེབས་པར་ཧ་ཅང་དགའ་པོ་བྱུང་། ཉེ་བའི་ལོ་ཤས་རིང་། དབུལ་སྒྲོལ་དང་འཕེལ་རྒྱས་ཐད་ཀྲུང་གོར་གྲུབ་འབྲས་ཆེན་པོ་ཐོབ་ཡོད། ཀྲུང་གོས་ཡུན་རིང་དང་། བརྟན་ལྷིང་། རྒྱུན་སྲིང་བཅས་ཀྱི་འཕེལ་རྒྱས་བཏང་བ་ལས་ཨོ་སི་ཁྲུ་ལི་ཡ་དང་འཛམ་གླིང་ལ་ཕན་པ་མང་པོ་ཐོབ་ཡོད་པས་ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་གཉིས་ཕན། འབྲེལ་གཏུག་དང་སྤེལ་རེས་རྒྱུན་འཁྱོངས། བསམ་ཤེས་དང་མཉམ་ལས་ཟབ་ཏུ་གཏོང་བ་བཅས་བྱས་ནས་གཉིས་ཁེ་གཉིས་ཕན་ཡོང་བར་བྱེད་དགོས། ཀྲུང་གོའི་མི་དམངས་ལའང་དེ་བཞིན་དུ་འཕེལ་རྒྱས་འགྲོ་བའི་དབང་ཆ་ཡོད། ངས་ཀྲུང་གོའི་དཔལ་འབྱོར་གྱི་མདུན་ལམ་ལ་ཐོག་མཐའ་བར་གསུམ་དུ་དགེ་མཚན་ལྡན་པའི་རྣམ་འགྱུར་ཡག་པོ་འཛིན་གྱི་ཡོད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།