དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཚན་རྩལ་གྱིས་གྲོང་གསེབ་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་རྒྱལ་སྤྱིའི་གླེང་སྟེགས་སྐབས་གཉིས་པ་པེ་ཅིང་དུ་གཉེར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-11-08

    ཚེས་6ཉིན་ཚན་རྩལ་གྱིས་གྲོང་གསེབ་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་རྒྱལ་སྤྱིའི་གླེང་སྟེགས་སྐབས་གཉིས་པ་པེ་ཅིང་མཉམ་འབྲེལ་རྒྱལ་ཚོགས་ཐོག་ཁང་དུ་གཉེར་བ་རེད། དྲ་ཐོག་དང་དྲ་ཕྱི་ནས་སྲིད་གཞུང་གི་སྡེ་ཚན་དང་། ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཁང་། རྒྱལ་སྤྱིའི་རྩ་འཛུགས། ཚན་ཞིབ་སྒྲིག་གཞི། ཁེ་ལས་དང་སྤྱི་ཚོགས་ཚོགས་པ། ཕན་པ་ཐོབ་པའི་ཞིང་དུད། སྨྱན་སྦྱོར་བཅས་ཀྱི་འཐུས་མི་བརྒྱ་ལྷག་ཙམ་གླེང་སྟེགས་ལ་ཞུགས་ཤིང་། དེའི་དམིགས་ཡུལ་ནི་གཞོན་ནུའི་ལས་གཏོད་ཐད་ཀྱི་ཀྲུང་གོ་སོགས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གསོན་ཉམས་དོད་པའི་ལག་ལེན་ལ་དམིགས་པ་དང་འབྲེལ་ལག་ལེན་གསལ་སྟོན་བྱས་ནས་འཛམ་གླིང་ཡོངས་ཀྱི་གྲོང་གསེབ་ས་ཁུལ་འཕེལ་རྒྱས་དང་ཕྱོགས་སྒྱུར་ལ་ཉམས་མྱོང་མཁོ་འདོན་དང་བློ་སྒོ་འབྱེད་ཆེད་རེད།

    གླེང་སྟེགས་འདི་ནི་ཀྲུང་གོ་དྲ་སྦྲེལ་གསར་འགྱུར་ལྟེ་གནས་དང་། ཀྲུང་གོར་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་འཐུས་མི་ཁྲུའུ། རྒྱལ་སྤྱིའི་ཞིང་ལས་འཕེལ་རྒྱས་ཐེབས་རྩའི་ཀྲུང་གོར་བཅའ་སྡོད་འཐུས་མི་ཁྲུའུ། མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་འབྲུ་རིགས་འཆར་གཞི་ཧྲུའི་ཀྲུང་གོའི་གཞུང་ལས་ཁང་། མཉམ་འབྲེལ་རྒྱལ་ཚོགས་རྒྱུན་མཐུད་ཆོག་པའི་ཞིང་ལས་འཕྲུལ་ཆས་ཅན་ལྟེ་གནས་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་རེད།

    རྒྱལ་སྤྱིའི་ཞིང་ལས་འཕེལ་རྒྱས་ཐེབས་རྩའི་ཀྲུང་གོར་བཅའ་སྡོད་འཐུས་མི་དང་ཨེ་ཤེ་ཡ་ཤར་མའི་ས་ཁོངས་ཀྱི་ཀྲུའུ་རེན་གཅིག་ལྕོགས་ཉི་ཧྭ་ཡིས། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་སྟར་རིང་ཀྲུང་གོས་འབྱུང་འགྱུར་གྱི་ཞིང་པ་གསར་པ་གསོ་སྐྱོང་དང་རྒྱབ་སྐྱོར་ལ་མཐོང་ཆེན་བྱས་པ་བརྒྱུད་གཞོན་ནུ་དེ་བས་མང་བ་ཞིང་ལས་སམ་ཡང་ན་གྲོང་གསེབ་ཏུ་ལས་གཏོད་ལ་བསྐྱོད་ནས་གྲངས་འཛིན་དང་དྲ་སྦྲེལ་ལག་རྩལ་སྤྱད་དེ་ཁོ་ཚོའི་གསར་གཏོད་ཀྱི་ལེགས་ཆ་དང་གསར་འབྱེད་ནུས་པ་བཏོན་ནས་སྲོལ་རྒྱུན་གྱི་ཞིང་ལས་ཕྱོགས་སྒྱུར་ལ་ནུས་པ་གསར་པ་དང་གཞི་རྒྱུ་གསར་པ་སྣོན་བཞིན་ཡོད་ཅེས་བརྗོད་པ་རེད།

    མཉམ་འབྲེལ་རྒྱལ་ཚོགས་འཕེལ་རྒྱས་ཁོངས་གཏོགས་ཀྱི་ཀྲུང་གོར་བཅའ་སྡོད་མཐུན་སྦྱོར་བ་ཁྲང་ཆི་ཏེས་བརྙན་ལམ་ཤིས་ཚིག་སྒྲོན་སྐབས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་ཀྱི་ཁྲིད་སྟོན་འོག་ཀྲུང་གོར་ཧ་ཅང་དབུལ་ཕོངས་ཀྱི་སྣང་ཚུལ་བསལ་བ་ཚུད་པའི་གྲུབ་འབྲས་མང་པོ་ཐོབ་ཡོད། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ལམ་དུ་ཀྲུང་གོས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་དང་མཉམ་སྤྱོད་ཆོག་པའི་ཉམས་མྱོང་མང་པོ་མཁོ་འདོན་བྱས་ཡོད་ཅེས་བརྗོད་པ་རེད།

    ཀྲུང་གོ་དྲ་སྦྲེལ་གསར་འགྱུར་ལྟེ་གནས་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་པ་ཝང་ཞའོ་ཧུའེ་ཡིས་འགོ་ཚུགས་ཤིས་ཚིག་སྒྲོན་སྐབས། གོ་ལ་ཧྲིལ་པོའི་གྲོང་གསེབ་དར་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་དགོས་ཚེ་གཞོན་ནུའི་སྟོབས་ཤུགས་ལ་ཚད་མཐོའི་མཐོང་ཆེན་བྱེད་དགོས། སྒྲིག་སྲོལ་དང་ལམ་སྲོལ་གྱི་གོ་ཆོད་ནུས་པ་གང་ལེགས་བཏོན་ནས་ཡོན་ཏན་དང་། བརྩེ་སེམས། གསོན་ཤུགས་བཅས་ལྡན་པའི་གཞོན་ནུ་གཅིག་ཏུ་བསྡུས་ནས་གྲོང་གསེབ་དར་རྒྱས་གཏོང་བའི་ཞིང་ས་གཤིན་པོར་རྩ་བ་བརྟན་པོ་ཚུགས་དགོས། གཞོན་ནུའི་གསར་འབྱེད་གསར་གཏོད་ཀྱི་སྙིང་སྟོབས་འཕེལ་བར་བྱས་ནས་གཞོན་ནུ་གྲོང་གསེབ་འཕེལ་རྒྱས་ལ་ཞུགས་པའི་སྤུས་ཚད་དང་ཆུ་ཚད་མཐོ་རུ་བཏང་སྟེ་གྲོང་གསེབ་འཕེལ་རྒྱས་ཀྱི་རླབས་རྒྱུན་ཁྲོད་ཀྱི་གཞོན་ནུའི་འདེགས་སྐྱོར་ནུས་པ་འགན་ལེན་བྱེད་དགོས། གོ་ལ་ཧྲིལ་པོའི་ལས་སྟེགས་བསྐྲུན་ནས་གཞོན་ནུའི་དབར་ཕན་ཚུན་སྤེལ་རེས་ལ་སྐུལ་འདེད་བཏང་སྟེ་གྲོང་གསེབ་འཕེལ་རྒྱས་ལ་ཐབས་དང་ཇུས་བཏོན་ཏེ་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསར་པ་དང་། ཐབས་ལམ་གསར་པ། ཁྱབ་ཁོངས་གསར་པ་བཅས་རྒྱ་ཆེར་གཏོང་དགོས་ཞེས་བརྗོད་པ་རེད།

    འཛམ་གླིང་གཞོན་ནུའི་འཕེལ་རྒྱས་གླེང་སྟེགས་སྒྲིག་འཛུགས་ཨུ་ལྷན་དྲུང་ཡིག་ཁྲུའི་སྤྱི་ཁྱབ་ཀན་ཧྲི་ཀྲུང་ཧྭ་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་རྒྱལ་སྤྱི་པུའི་ལག་བསྟར་པུའུ་ཀྲང་ཝང་དབྱི་ཡིས་གཙོ་དོན་གཏམ་བཤད་སྤེལ་སྐབས། གཟའ་འཁོར་གོང་མར་ཁྱབ་བསྒྲགས་བྱས་པའི《གོ་ལ་ཧྲིལ་པོའི་གཞོན་ནུའི་འཕེལ་རྒྱས་བྱ་སྤྱོད་འཆར་གཞིའི་དཔེ་མཚོན་རྣམ་གྲངས》ཀྱི་གྲུབ་འབྲས་ཁག་དང་པོ་ངོ་སྤྲོད་བྱས་ཤིང་། ཁོང་གིས། གྲོང་གསེབ་དར་རྒྱས་ཀྱི་རེ་བ་གཞོན་ནུ་དང་འགག་རྩ་གསར་གཏོད་ལ་ཐུག་ཡོད། བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། ལོ་ལྟར་རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག་དང་། ནུབ་རྒྱུད་འཆར་གཞི། སློབ་གྲྭ་ཆེ་མོ་བའི་གྲོང་དཔོན། གཞི་རིམ་ལ་མངགས་པ་སོགས་ཀྱི་རྣམ་གྲངས་བརྒྱུད་གྲོང་གསེབ་འཛུགས་སྐྲུན་ལ་ཞུགས་པའི་ཀྲུང་གོའི་གཞོན་ནུ་ཁྲི་13ལྷག་ཙམ་ཟིན་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།