དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • དཀའ་སྤྱད་ལས་ལ་གཞོལ། རེ་བའི་འབྲས་བཟང་སྨིན།

    —— གངས་ལྗོངས་ཀྱི་ཤིང་འབྲས་ལྡུམ་རར་བཀྲ་ཤིས་དུས་བཟང་འཆར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-08

    ཁྲི་ཁང་གྲོང་ཚོའི་གྲོང་མི་བསོད་ནམས་སྤེན་པ་དེ་གོང་རྒུན་འབྲུམ་གླིང་དུ་ལས་ཀར་མ་སླེབས་གོང་། ས་ཆ་གཞན་དུ་ལས་ཀ་ཙག་ཙིག་བྱས་ནས་ཡོང་འབབ་གསོག་གི་ཡོད། སྐབས་དེ་དུས་ལས་ཀ་བྱེད་ས་ཁྱིམ་དང་ཐག་རིང་བ་མ་ཟད་ཡོང་འབབ་ཀྱང་དེ་ཙམ་མང་པོ་མེད། ད་ཆ་ཁྱིམ་གྱི་སྒོ་འགྲམ་དུ་ལས་ཀ་རག་པས་ཁོ་པས་དེར་གཅེས་སྤྲས་ལྷག་པར་བྱེད་ཀྱི་ཡོད་པ་རེད། འདི་ནི་རྒུན་འབྲུམ་གླིང་དུ་ལས་ཀ་བྱེད་བཞིན་པའི་བསོད་ནམས་སྤེན་པ་ཡིན་པ།

    ཉེ་ཆར། བོད་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་གི་འདེབས་འཛུགས་རྟེན་གཞིའི་འབྲས་ཤིང་དག་ཡོངས་སུ་སྨིན་ཏེ་གང་ས་ནས་དྲི་ཞིམ་འཐུལ་འོང་། དཔྱིད་ཁར་འདེབས་པ་དང་དབྱར་ཀར་གཡོག་བྱེད་བྱེད་པའི་དཀའ་སྤྱད་ཀྱི་ལས་ལ་རྩེ་གཅིག་ཏུ་གཞོལ་བས། ད་ཆ་འདེབས་འཛུགས་དུད་ཚང་རྣམས་ཀྱིས་ངོ་གདོང་ལས་དགའ་སྤྲོའི་འཛུམ་མདངས་འཕྱུར་བཞིན་འབྲས་ལྡན་དུས་བཟང་བསུས་ཡོད། ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་གི་རྒུན་འབྲུམ་དང་། ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་ཀྱི་འབྲས་བུ་མེ་ཏོག མངའ་རིས་ས་ཁུལ་རྩ་མདའ་རྫོང་གི་ཀུ་ཤུ ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་གི་སེ་འབྲུ་སོགས། མཚམས་དེར་གངས་ལྗོངས་ས་མཐོའི་གང་སར་ཐོན་ལེགས་ཀྱི་དགའ་སྤྲོའི་རྣམ་པས་ཁེངས།

    རྒུན་འབྲུམ་བཏབ་ནས་གྲོང་གསེབ་དར་རྒྱས་ཀྱི་ཕུགས་འདུན་དོན་གཉེར་བྱས།

    ཉིན་ཤས་གོང་། གསར་འགོད་པ་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་མཐར་མ་གྲོང་ཚོའི་ས་བབ་ཧ་ཅང་མཐོ་བའི་རྒུན་འབྲུམ་འདེབས་འཛུགས་རྟེན་གཞི་སྟེ། ཕག་གྲུའི་རྒུན་འབྲུམ་སྔོག་འཐུ་གླིང་དུ་བཅར་འདྲིར་བསྐྱོད་པ་ཡིན།

    འདི་ལོ་ཕག་གྲུ་རྒུན་འབྲུམ་སྔོག་འཐུ་གླིང་གི་ཐོན་འབབ་ཧ་ཅང་ཡག་པོ་ཡོད་པ་དང་རྒུན་འབྲུམ་གྱི་ཐོན་འབབ་བསྡོམས་ཏུན་1000ཙམ་ཟིན་ནས་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་1000ལས་བརྒལ་རེ་ཡོད། ཕག་གྲུ་རྒུན་འབྲུམ་སྔོག་འཐུ་གླིང་གི་ལས་དོན་པ་ཝང་ཧྲུའུ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོའི་རྒུན་འབྲུམ་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་300ཙམ་ཟིན་རེ་འདུག གཞན་ཡང་སྔོག་འཐུ་གླིང་དེར་རྒུན་ཆང་སྙོལ་སའང་བཙུགས་ཡོད། འདི་ལོ་རྒུན་འབྲུམ་ཏུན་800ལྷག་ཙམ་རྒུན་ཆང་བསྙལ་རྒྱུ་རེད། རྒུན་འབྲུམ་གྱི་སྤུས་ཚད་ལེགས་པ་དང་རྒུན་ཆང་གི་བྲོ་བ་ཞིམ་པས་ལྗོངས་ཕྱི་ནང་གི་འཛད་སྤྱོད་པས་དགའ་པོ་བྱེད་ཀྱི་ཡོད། ཝང་ཧྲུའུ་ཡིས“ང་ཚོའི་རྒུན་ཆང་གཙོ་བོ་བོད་རང་སྐྱོང་ལྗོངས་སུ་འཚོང་བ་དང་། ཁག་གཅིག་ལྗོངས་ཕྱིའི་གྲོང་ཁྱེར་ཆེ་གྲས་ཁག་ཏུ་འཚོང་གི་ཡོད། འདི་ལོ་སྔོན་དཔག་བྱས་ན་རྒུན་ཆང་ཤེལ་དམ་ཁྲི་5འཚོང་ཐུབ་པས་ཡོང་འབབ་སྒོར་ཁྲི་800ལྷག་ཙམ་ཡོང་རེ་ཡོད”ཅེས་གསར་འགོད་པར་བཤད།

    ཟངས་རི་རྫོང་ཕག་གྲུ་རྒུན་འབྲུམ་སྔོག་འཐུ་གླིང་གི་འབྲེལ་ཡོད་འགན་འཁུར་བ་ཧོ་ཀྲི་རུང་གིས། “མིག་སྔར་རྒུན་འབྲུམ་གླིང་གི་འདེབས་ཁྱོན་མུའུ་8500ཟིན་པ་དང་གཙོ་བོ་རོང་ཤང་རྩྭ་པ་གྲོང་ཚོ་དང་། གྲོ་སྐྱིད་གྲོང་ཚོ། སྐྱིད་གྲོང་གྲོང་ཚོ་བཅས་སུ་ཁྱབ་པ་དང་། ཟངས་རི་གྲོང་རྡལ་མཐར་མ་གྲོང་ཚོ་དང་། ནུབ་མཁར་གྲོང་ཚོ། ལོག་གྲོང་ཚོ། འབོད་ཐོས་ཤང་གཙང་ཁ་གྲོང་ཚོ་སོཌ་ཡར་ཀླུང་གཙང་པོའི་ངོགས་གཉིས་ཀྱི་ཤང་དང་གྲོང་རྡལ་3དང་སྲིད་འཛིན་གྲོང་ཚོ་7ལ་ཁྱབ་ཡོད་པས། ཉེ་འཁོར་གྱི་གྲོང་མི་མི་ཉུང་བ་ཞིག་ལ་ལས་ཀ་རག་ཡོད”ཅེས་གསར་འགོད་པར་བཤད།

    རྒུན་འབྲུམ་གླིང་དུ་ལས་ཀ་བྱེད་བཞིན་པའི་ཁྲི་ཁང་གྲོང་ཚོའི་གྲོང་མི་བསོད་ནམས་སྤེན་པས“ང་ནི་2020ལོ་ནས་བཟུང་འདི་གར་ཡོང་སྟེ་རྒུན་འབྲུམ་འདེབས་སྟངས་དང་བདག་སྐྱོང་གི་ལག་རྩལ་སྦྱངས་པ་ཡིན། དུས་རྒྱུན་ངས་གྲོང་ཚོ་གཅིག་པའི་གྲོང་མི་གཞན་དག་གི་སྣེ་ཁྲིད་དེ་རྒུན་འབྲུམ་བདག་སྐྱོང་ལག་རྩལ་སློབ་སྦྱོང་བྱེད་ཀྱི་ཡོད”ཅེས་གསར་འགོད་པར་བཤད།

    “ལས་ཀ་དེ་ཁྱིམ་དང་ཐག་ཉེ་བས་ངས་ནང་མིར་ལྟ་རྟོག་བྱེད་བདེ་པོ་འདུག་ལ་ཡོང་འབབ་ཀྱང་སྔོན་མ་གླ་པ་རྒྱུག་སྐབས་ལས་མང་བ་མ་ཟད་ལས་ཀ་བརྟན་པོ་འདུག” “ད་ཆ་ཟླ་རེར་གླ་ཆ་སྒོར་ལྔ་སྟོང་དྲུག་སྟོང་ཙམ་ཡོད། དེ་གར་ལས་ཀ་ལོ་གསུམ་ལྷག་ཙམ་བྱས་ནས་ངས་བུ་མོར་དངུལ་མི་ཉུང་བ་བསགས་ཡོད”ཅེས་བསོད་ནམས་སྤེན་པས་བཤད།

    ཧོ་ཀྲི་རུང་གིས་ས་གནས་དེ་གའི་མང་ཚོགས་ལ་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱ་ཆེད། རྒུན་འབྲུམ་འདེབས་འཛུགས་སྔོག་འཐུ་གླིང་གིས་ངལ་རྩོལ་ནུས་ཤུགས་ཡོད་པའི་རྒན་རྒོན་དང་དབྱར་གསེང་རིང་གི་སློབ་གྲྭ་ཆེ་མོ་བ་སོགས་ལས་ཀར་བསྡུས་ནས། ཉིན་གླ་སྒོར་100ནས་150བར་སྤྲོད་ཀྱི་ཡོད་ཅེས་གསར་འགོད་པར་བཤད།

    རྒྱ་བོད་བཟའ་ཚོ་གཉིས་ཕྱུག་འགྱུར་ལམ་བུར་བསྐྱོད།

    སྟོན་ཟླ་ར་བར་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་དྭངས་གཙང་སྐྱེ་ཁམས་སྔོག་འཐུ་གླིང་དུ་ཐོན་འབབ་ལེགས་པོ་བྱུང་ཡོད།

    གསར་འགོད་པར་ཤེས་རྟོགས་བྱུང་བར། ཀྲང་ཐའོ་ནི་ཧྲན་ཏུང་ལེང་རྫོང་ནས་ཡིན་པ་དང་ཁོང་གི་བཟའ་ཟླ་ལྷ་མོ་ནི་ས་སྐྱེས་རྡོ་སྐྱེས་ཀྱི་ཆ་གྲོང་ཚོའི་གྲོང་མི་ཞིག་རེད། 2004ལོར་ཀྲང་ཐའོ་དང་ལྷ་མོ་གཉིས་གཉེན་སྒྲིག་བྱས་པ་དང་། དེ་རྗེས་ཀྱི་ལོ་ཟླའི་ནང་ཁོ་གཉིས་ཕན་ཚུན་གཅིག་སེམས་གཅིག་ལ་བསྒྲིལ་ནས་2017ལོར་དྭངས་གཙང་སྐྱེ་ཁམས་སྔོག་འཐུ་གླིང་བསྐྲུན་པ་དང་། 2018ལོར་དངོས་སུ་གཉེར་སྐྱོང་བྱེད་འགོ་ཚུགས། གླིང་ལ་ཁྱོན་ས་ཆ་མུའུ་15ཡོད་ཅིང་། དེང་རབས་ཅན་གྱི་དྲོད་ཁང་ཆེ་མོ་8བསྐྲུན་ཡོད། མིག་སྔར་འབྲས་བུ་མེ་ཏོག་དང་། འཕན་སིལ། འོ་སེ། འབྲི་ཏ་ས་འཛིན་སོགས་ཤིང་འབྲས་སྣ་ཚོགས་བཏབ་ཡོད། དེ་དང་ཆབས་ཅིག་ཀྲང་ཐའོ་བཟའ་ཚོ་གཉིས་ཀྱིས་ད་དུང་ཤིང་འབྲས་སེ་ཡབ་དང་། དབྱང་མེ། རྒུན་འབྲུམ་སོཌ་འདེབས་འཛུགས་ཚོད་ལྟ་ཧུར་ཐག་བྱས་ཡོད།

    ཀྲང་ཐའོ་ཡིས་གསར་འགོད་པར་སྔོག་འཐུ་གླིང་དངོས་སུ་གཉེར་སྐྱོང་བྱེད་འགོ་ཚུགས་པ་དང་ཆབས་ཅིག ཁོ་གཉིས་ཀྱིས་དྭངས་གཙང་སྐྱེ་ཁམས་ཞིང་འབྲོག་པའི་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་བཙུགས་ནས་རང་འགུལ་ངང་ས་གནས་དེ་གའི་གྲོང་མི་ལས་ཀར་བཅུག་སྟེ། གྲོང་མི་ཚོར་འདེབས་འཛུགས་ལག་རྩལ་བསླབས་ནས་ལས་ཞུགས་ཀྱི་གོ་སྐབས་བསྐྲུན་ཡོད་ཅེས་བཤད།

    ཉེ་འགྲམ་གྱི་གྲོང་མིར་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས་པ་མ་ཟད། ཀྲང་ཐའོ་དང་ལྷ་མོ་བཟའ་ཚོ་གཉིས་ཀྱི་དཀའ་སྤྱད་ལས་ལ་རེ་བའི་འབྲས་བཟང་སྨིན་ཡོད། ཀྲང་ཐའོ་ཡིས་གླིང་གི་འབྲས་བུ་མེ་ཏོག་ལ་ལྟ་བཞིན“ང་ཚོས་འབྲས་བུ་མེ་ཏོག་ས་མཐོར་འདེབས་པའི་ལག་རྩལ་དང་འབྲས་བུ་མེ་ཏོག་ལོ་ཧྲིལ་པོར་མཚམས་མི་ཆད་པར་འདེབས་པའི་ལག་རྩལ་ཁོང་དུ་ཆུད་པས། ལོ་ཧྲིལ་པོར་འབྲས་བུ་མེ་ཏོག་འཐུ་རྒྱུ་ཡོད”ཅེས་སྤྲོ་བ་རབ་ཏུ་བརྟས་བཞིན་གསར་འགོད་པར་བཤད། ལོ་ཧྲིལ་པོར་འཐུ་རྒྱུ་ཡོད་པས་ཡོང་འབབ་ཀྱང་མང་དུ་འགྲོ་ངེས་རེད། ཀྲང་ཐའོ་དང་ལྷ་མོས་གླིང་དེར་བརྟེན་ནས་ཐོག་མའི་བསམ་འདུན་ལྟར་འབྱོར་འབྲིང་འཚོ་བ་སྐྱེལ་བའི་སྐལ་བཟང་ཐོབ་ཡོད། “གོམ་སྟབས་རྗེས་མར་ང་ཚོས་འབྲས་བུ་མེ་ཏོག་གི་ཐོན་ལས་རྒྱ་སྟོབས་ཆེ་རུ་བཏང་ནས། རང་ཉིད་ཀྱི་འཚོ་བ་ལེཌ་སུ་གཏོང་རྒྱུ་མ་ཟད། མཐའ་འཁོར་གྱི་གྲོང་མི་ཡང་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས་ཏེ་ཚང་མའི་འཚོ་བ་ལེགས་སུ་གཏོང་ཐབས་བྱེད་ཀྱི་ཡོད”ཅེས་ཀྲང་ཐའོ་ཡིས་འབྱུང་འགྱུར་གྱི་འཚོ་བར་རེ་བས་ཁེངས་བཞིན་བཤད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།