ཀྲུང་ལའི་མཉམ་ལས་ཀྱིས“དུས་རབས་ཀྱི་མཉམ་སྒྲོག་རོལ་མོ”ཇི་ལྟར་དཀྲོལ་རྒྱུ་ཡིན་ནམ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་མོ་ཞི་ཁོ་ནས་གློག་འཕྲིན་འབྱོར་གསལ། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ཁེ་ལས་མཁས་ཅན་གྱི་མཐོ་རིམ་དབུ་ཚོགས་སྐབས་བཅུ་དྲུག་པ་ཟླ་11ཚེས་2དང་3ཉིན་པེ་ཅིང་དུ་འཚོགས་ཤིང་། ད་ཐེངས་ཀྱི་མཐོ་རིམ་དབུ་ཚོགས་ཐོག“སྒོ་དབྱེ་གསར་གཏོད་དང་འཕེལ་རྒྱས་མཉམ་སྤྱོད”བརྗོད་དོན་གཙོ་བོར་བྱས་པ་དང་ཚོགས་ཞུགས་འཐུས་མིས་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཕྱོགས་གཉིས་པོའི་ཚོང་དོན་མ་འཇོག་ལ་སྐུལ་འདེད་གཏོང་བ། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་བ་སོགས་ཀྱི་བརྗོད་གཞིར་དམིགས་ནས་གྲོས་བསྡུར་གཏིང་ཟབ་བྱས་པ་རེད། ཀྲུང་གོ་དང་ལ་ཏིང་མེ་གླིང་དང་ཅཱ་ལེ་པིའི་རྒྱལ་ཁབ་26གི་སྲིད་གཞུང་གི་དཔོན་རིགས་དང་། བཟོ་ཚོང་ལས་རིགས་ཀྱི་མི་སྣ། རིགས་གཅིག་མཁས་ཅན་དང་མཁས་དབང་བཅས་དང་དེ་བཞིན་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི་སོགས་མི་གྲངས་1000ལྷག་ཙམ་ཚོགས་འདུར་ཞུགས་ཡོད་པ་རེད།
ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ཁེ་ལས་མཁས་ཅན་གྱི་མཐོ་རིམ་དབུ་ཚོགས་ནི་ཀྲུང་གོས་ལ་ཏིང་མེ་གླིང་ས་ཁུལ་ལ་ཕྱོགས་པའི་ལམ་སྲོལ་རང་བཞིན་གྱི་དཔལ་འབྱོར་ཚོང་དོན་གྱི་སྐུལ་འདེད་ལས་སྟེགས་ཐོག་མ་དེ་རེད། ཀྲུང་གོ་དང་ལ་ཏིང་མེ་གླིང་ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ལས་སྟེགས་གལ་ཆེན་ཞིག་ཡིན་པའི་ངོས་ནས་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ཁེ་ལས་མཁས་ཅན་གྱི་མཐོ་རིམ་དབུ་ཚོགས་2007ལོར་འཚོགས་ཚུན་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་དངོས་སྒྲུབ་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་པར་དཔང་པོ་བྱས་ཡོད། མིག་སྔར་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་འབྲེལ་བ་དེ་འདྲ་མཉམ་དང་། གཉིས་ཕན། གསར་གཏོད། སྒོ་དབྱེ། དམངས་ཕན་བཅས་ཀྱི་དུས་རབས་གསར་པར་སླེབས་པ་དང་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་མཉམ་ལས་ལ་དེ་བས་སྙན་འཇེབས་ལྡན་པའི“དུས་རབས་ཀྱི་མཉམ་སྒྲོག་རོལ་མོ”ཞིག་དཀྲོལ་བཞིན་མཆིས།
ཀྲུང་གོ་དང་ལ་ཏིང་མེ་གླིང་གི་མཉམ་ལས་གཉིས་ཁེའི“དུས་རབས་ཀྱི་མཉམ་སྒྲོག་རོལ་མོ”ལས་ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་དང་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔར་བས་ཆེན་པོ་འདོན་བཞིན་ཡོད་པ་མངོན་ཡོད། མོ་ཞི་ཁོ་ཡི་ཤིང་འབྲས་ཉིའུ་ཡིའུ་ཀོ་དང་། ཆི་ལིའི་སེའུ། ཝུ་ར་ཀུའེ་ཡི་གླང་ཤ ཨེ་ཁྭ་ཏོར་གྱི་རྒྱ་སེ་མེ་ཏོག་སོགས་ཉེ་བའི་ལོ་ཤས་རིང་ལ་ཏིང་མེ་གླིང་གི་ཁྱད་ལྡན་སྤུས་ལེགས་ཐོན་རྫས་དེ་བས་མང་བ་ཀྲུང་གོའི་ཁྲོམ་རར་བཏོན་པ་དེས་ཀྲུང་གོའི་དམངས་ཚོགས་ཀྱི་རྒྱུན་གཏན་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་པ་མ་ཟད། ལ་ཏིང་མེ་གླིང་གི་ཁེ་ལས་དང་དམངས་ཚོགས་ལ་ཡང་ཕན་པ་དངོས་ཐོབ་ཡོད། 2022ལོར་ཀྲུང་གོ་དང་ལ་ཏིང་མེ་གླིང་དབར་གྱི་ཚོང་དོན་དངུལ་འབོར་ཨ་སྒོར་དུང་ཕྱུར་5000ཙམ་གྱི་འགག་སྒོ་ཆེན་པོ་ལས་བརྒལ་ཉེར་ཡོད་པ་དང་ལོ་དྲུག་བསྟུད་མར་འཕར་ཚད་མྱུར་པོ་རྒྱུན་འཁྱོངས་ཐུབ་ཡོད། འཛམ་གླིང་གི་དཔལ་འབྱོར་སླར་གསོའི་རྣམ་པ་བརྟན་པོ་མེད་པའི་ཁོར་ཡུག་ཆེན་པོའི་འོག་འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་ཀྲུང་གོས་ལ་ཏིང་མེ་གླིང་ལ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་5.1%འཕར་ཡོད། མིག་སྔར་ཀྲུང་གོས་ཆི་ལི་དང་། ཕེ་རུ། ཁོ་སི་ཐ་རི་ཡ། ཨེ་ཁྭ་ཏོར། ནི་ཁ་ར་ཀྭ་བཅས་ལ་ཏིང་མེ་གླིང་གི་རྒྱལ་ཁབ་ལྔ་དང་རང་མོས་ཚོང་དོན་གྲོས་ཆོད་ལ་དངོས་སུ་མིང་རྟགས་བཀོད་ནས། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་དཔལ་འབྱོར་ཚོང་དོན་མཉམ་ལས་ཐད་རྒྱུན་ཆད་མེད་པར་སྤུས་ཚད་མཐོར་གཏོང་དང་རིམ་སྤོར་གྱི་རྣམ་པ་བཟང་པོ་ཐོན་ཡོད།
ཀྲུང་གོ་དང་ལ་ཏིང་མེ་གླིང་གི་མཉམ་ལས་གཉིས་ཁེའི“དུས་རབས་ཀྱི་མཉམ་སྒྲོག་རོལ་མོ”ལས་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་དངུལ་རྩའི་མཉམ་ལས་རྒྱུན་མཐུད་ལེགས་སུ་ཕྱིན་ནས་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ཁྱབ་ཁོངས་མང་པོའི་མཉམ་ལས་ལ་སྒུལ་ཤུགས་བསྣན་ཡོད། འདི་ལོའི་ཟླ་3ཚེས་31ཉིན་པར་ཙིར་ཀྲུང་དབྱང་དངུལ་ཁང་གིས་མི་དམངས་ཤོག་སྒོར་ཡོ་སྒོར་ལས་བརྒལ་ནས་རྒྱལ་ཁབ་དེའི་རྒྱལ་སྤྱིའི་གསོག་འཇོག་དངུལ་ལོར་ཆེ་གྲས་གཉིས་པར་གྱུར་ཡོད་ཅེས་ཁྱབ་བསྒྲགས་བྱས་ཡོད། ཟླ་དེར་པར་ཙིར་གྱིས་ད་དུང་ཀྲུང་གོ་དང་ཕྱོགས་གཉིས་པོའི་ཚོང་དོན་དང་མ་དངུལ་བསྡུ་སྒྲིལ་གྱི་བྱེད་སྒོའི་ནང་རྒྱལ་ཁབ་དེ་གའི་དངུལ་སྤྱད་དེ་མཇུག་རྩིས་རྒྱག་པའི་གྲོས་མཐུན་བཞག་ཡོད། ཨ་ཀེན་ཐིན་སྲིད་གཞུང་གིས་ཀྱང་འདི་ལོའི་ཟླ་4པར་མི་དམངས་ཤོག་སྒོར་སྤྱད་དེ་ཀྲུང་གོ་ནས་ནང་འདྲེན་བྱས་པའི་ཚོང་ཟོག་རྩིས་རྒྱག་རྒྱུའི་ཁྱབ་བསྒྲགས་བྱས་ཡོད། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་དངུལ་རྩའི་མཉམ་ལས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་པ་དེ་ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་སྒུལ་ཤུགས་གལ་ཆེན་ཞིག་ཡིན་པ་མ་ཟད། རྒྱལ་སྤྱིའི་དངུལ་རྩའི་མ་ལག་སྣ་མང་ཅན་གྱི་འཕེལ་རྒྱས་ལའང་སྐུལ་འདེད་ཀྱི་ནུས་པ་ཐོན་རྒྱུ་རེད།
ཀྲུང་གོ་དང་ལ་ཏིང་མེ་གླིང་གི་མཉམ་ལས་གཉིས་ཁེའི“དུས་རབས་ཀྱི་མཉམ་སྒྲོག་རོལ་མོ”ལས་ཀྲུང་གོ་དང་ལ་ཏིང་མེ་གླིང་གིས་དེ་བས་ལག་གདང་སྦྲེལ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་འབྲེལ་བར་མུ་མཐུད་བཀྲག་མདངས་གསར་པ་བསྣན་པ་མངོན་ཡོད། ཉིན་ཤས་གོང་ཅཱ་ལེ་པིའི་གླིང་ཕྲན་རྒྱལ་ཁབ་ཐེ་རི་ནི་ཏ་དང་ཐོ་པ་ཀོར་ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་ཧྥེང་ཧོང་བཟོ་ལས་གླིང་བདེ་བླག་ངང་བསྐྲུན་ཟིན་ནས་མ་འཇོག་ཡིད་འགུགས་དང་། འཕེལ་རྒྱས་ལ་སྐུལ་འདེད། ལས་ཞུགས་ལ་སྐུལ་ཁྲིད་བཅས་བྱས་པ་ལས་དེ་ཉིད་རྒྱལ་ཁབ་གཉིས་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་བཀྲག་མདངས་འཚེར་ས་ཞིག་ཏུ་གྱུར་ཡོད། ཨེ་ཁྭ་ཏོར་གྱི་2016ལོའི་ས་ཡོམ་གྱི་གེགས་ཁུལ་མ་ན་ཝུའེ་ཞིང་ཆེན་གྱི་ཕེ་ཏེ་ན་ལའེ་སི་གྲོང་ཁྱེར་དུ་ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་རོགས་བྱས་པའི་ཕེ་ཏེ་ན་ལའེ་སི་སྨན་ཁང་འདི་ལོའི་ལོ་སྨད་དུ་སྤྱོད་འགོ་ཚུགས་པ་དང་ས་གནས་དེ་གའི་གྲོང་མིས་སྨན་ཁང་དེར་རེ་སྒུག་ཡུན་རིང་བྱས་ཡོད། མིག་སྔའི་བར་ལ་ཏིང་མེ་གླིང་དང་ཅཱ་ལེ་པིའི་ས་ཁུལ་གྱི་རྒྱལ་ཁབ་22ཀྱིས་ཀྲུང་གོ་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་ཡོད། ཁོ་ལོམ་པི་ཡའི་ཙུང་ཐུང་ཕེ་ཐེ་ལུའོ་ཡིས་ཁོ་ལོམ་པི་ཡ་ཕྱོགས་ཀྱིས་རང་ངོས་ཀྱི་ས་བབ་ལེགས་ཆ་དང་འཕེལ་རྒྱས་ཀྱི་འཐབ་ཇུས་དེ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང་སྦྲེལ་མཐུད་བྱས་ནས་མི་དམངས་ཀྱིས་རེ་སྒུག་བྱེད་པའི་ཞི་བདེ་བརྟན་ལྷིང་དང་ལས་ཞུགས་མང་དུ་འགྲོ་རྒྱུ་མངོན་འགྱུར་བྱུང་ཡོད་ཅེས་བརྗོད། ཐེ་རི་ནི་ཏ་དང་ཐོ་པ་ཀོའི་ཚོང་དོན་དང་བཟོ་ལས་པུའི་པུའུ་ཀྲང་ཀེ་ཕི·སི་ཁུའུ་ཨེན་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དེ་ཐེ་རི་ནི་ཏ་དང་ཐོ་པ་ཀོ་དང་འབྲེལ་ཡོད་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་དང་སྦྲེལ་མཐུད་བྱས་ནས་རྒྱལ་ཁབ་ཁག་ལ་འཕེལ་རྒྱས་ཀྱི་གོ་སྐབས་མཁོ་འདོན་བྱས་ཡོད་ཅེས་བརྗོད།
ལམ་ཐག་ལེ་དབར་སྟོང་ཆོད་ཀྱང་། གྲོགས་པོའི་སེམས་པ་གཅིག་ཏུ་བསྒྲིལ། ཀྲུང་གོ་དང་ལ་ཏིང་མེ་གླིང་དབར་བར་ཐག་རིང་མོ་ཆོད་རུང་ཚང་མར་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བའི་ཆོད་སེམས་ལྡན་ཡོད། ཀྲུང་གོ་དང་ལ་ཏིང་མེ་གླིང་གིས་མུ་མཐུད་ལག་གདང་དཔུང་སྦྲེལ་གྱིས་དུས་རབས་གསར་པའི་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་སྙན་འཇེབས་ལྡན་པའི་རོལ་མོ་དཀྲོལ་རྒྱུ་རེད།