དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུའི་མགྲིན་ཚབ་པས་བརྗོད་དོན།

    ཀྲུང་གོ་ཕྱོགས་ཀྱིས་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཨར་པ་ཉི་སི་ནང་འདྲེན་དངོས་མང་སྟོན་ཚོགས་ལ་ཞུགས་པ་དང་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་དགའ་བསུ་ཞུ་གི་ཡིན།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-11-07

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་4ནས་7ཉིན་བར་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཨར་པ་ཉི་སིས་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་རྒྱུའི་ཐད། ཚེས་3ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་དབང་ཝུན་པིན་གྱིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་དྲི་བར་ལན་རྒྱག་སྐབས། ཀྲུང་གོ་ཕྱོགས་ཀྱིས་ཙུང་ལི་ཨར་པ་ཉི་སི་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དྲུག་པར་ཞུགས་པ་དང་སྦྲགས། ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་དགའ་བསུ་ཞུ་གི་ཡིན་ཞེས་བརྗོད།

    དབང་ཝུན་པིན་གྱིས། ད་རེས་ཀྱི་འཚམས་འདྲི་ནི་ཙུང་ལི་ཨར་པ་ཉི་སིས་གོ་གནས་བཞེས་རྗེས་ཀྲུང་གོར་འཚམས་འདྲི་གནང་ཐེངས་དང་པོ་ཡིན་ལ། 2016ལོ་ནས་བཟུང་ཨོ་སི་ཁྲུ་ལི་ཡའི་ཙུང་ལིས་ཀྲུང་གོར་འཚམས་འདྲི་གནང་ཐེངས་དང་པོའང་ཡིན་པས། དེ་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཟུར་པ་ཧུའེ་ཐེ་ལ་མུའུ་ཡིས་ཀྲུང་གོར་འཚམས་འདྲི་གནང་ནས་ལོ་50འཁོར་བ་དང་ཏག་ཏག་འཁེལ་ཡོད་པས། དེར་སྔ་མཐུད་ཕྱི་སྐྱོང་དང་སྔ་འཛིན་ཕྱི་གཏོད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། ཀྲུང་གོའི་འགོ་ཁྲིད་པས་ཙུང་ལི་ཨར་པ་ཉི་སི་དང་མཇལ་འཛོམས་དང་གྲོས་མོལ་གནང་ནས་ཕྱོགས་གཉིས་པོའི་འབྲེལ་བ་དང་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་བསམ་འཆར་བརྗེ་རེས་གཏིང་ཟབ་བྱ་རྒྱུ་རེད་ཅེས་བརྗོད།

    “ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡ་ནི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླ་ཡིན་པས་ཐུན་མོང་གི་ཁེ་ཕན་རྒྱ་ཁྱབ་དང་མཉམ་ལས་ཀྱི་མདུན་ལྗོངས་ཡངས་པོ་ཡོད” དབང་ཝུན་པིན་གྱིས། སྐྱོན་བྲལ་དང་བརྟན་ལྷིང་གི་ཀྲུང་ཨོའི་འབྲེལ་བ་དེ་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ལ། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་ལའང་ཕན་ཐོགས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨོ་སི་ཁྲུ་ལི་ཡ་དང་མཉམ་དུ་ད་རེས་ཀྱི་འཚམས་འདྲི་གོ་སྐབས་སུ་བྱས་ནས་ཕན་ཚུན་བརྩི་འཇོག་དང་། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག གཉིས་ཁེ་གཉིས་ཕན་བཅས་ཀྱི་དགོངས་པ་གཞིར་བཟུང་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ་དང་། ཕན་ཚུན་ཡིད་ཆེས་བྱེད་ཟབ་ཏུ་གཏོང་བ། མཉམ་ལས་རྒྱ་ཆེར་གཏོང་བ། མཛའ་གཅུགས་ཟབ་ཏུ་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་མཐུད་ལེགས་སུ་དང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།