ཐེ་ལན་གྱི་ཙུང་ལི་གཞོན་པས་བརྗོད་དོན།
ནང་འདྲེན་དངོས་མང་སྟོན་ཚོགས་ཀྱིས་གོ་ལ་ཧྲིལ་པོའི་ཁེ་ལས་ལ་གོ་སྐབས་གསར་པ་སྦྱིན་བཞིན་ཡོད།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པང་ཁོག་ནས་ཟླ་11ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་ཐེ་ལན་གྱི་ཙུང་ལི་གཞོན་པ་དང་ཚོང་དོན་པུའུ་ཀྲང་གཅིག་ལྕོགས་ཕུའུ་ཐན·ཝེ་ཀྲ་ཡེ་ཚའེ་ཡིས། ནང་འདྲེན་དངོས་མང་སྟོན་ཚོགས་ཀྱིས་རྒྱུན་མཐུད་ཕྱི་ཕྱོགས་སྒོ་དབྱེའི་ཀྲུང་གོའི་ཆོད་སེམས་བརྒྱུད་སྤྲོད་བྱས་པ་དང་། ཕྱོགས་ཡོངས་ཀྱི་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བའི་འདོད་མཐུན་གང་ལེགས་མངོན་ཏེ་གོ་ལ་ཧྲིལ་པོའི་ཁེ་ལས་དང་། ལྷག་པར་དུ། ཁེ་ལས་འབྲིང་ཆུང་ལ་གོ་སྐབས་གསར་པ་སྦྱིན་བཞིན་ཡོད་ཅེས་བརྗོད་པ་རེད།
ཟླ་འདིའི་ཚེས་1ཉིན་ཕུའུ་ཐན་གྱིས་ཧྲང་ཧའེ་རུ་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དྲུག་པར་མ་ཞུགས་གོང་ཀྲུང་ཐེའི་སྨྱན་སྦྱོར་གྱི་མཉམ་འབྲེལ་བཅར་འདྲི་དང་ལེན་བྱས་ཤིང་། ཁོང་གིས། ཀྲུང་གོའི་ཁྲོམ་ར་ནི་གོ་ལ་ཧྲིལ་པོའི་ཆེ་ཤོས་དང་གསོན་ཤུགས་ལྡན་ཤོས་ཀྱི་ཁྲོམ་རའི་གྲས་ཤིག་རེད། ཀྲུང་གོའི་རྒྱུན་མཐུད་ཕྱི་ཕྱོགས་སྒོ་དབྱེས་གོ་ལ་ཧྲིལ་པོ་དང་ལྷག་པར་དུ་ཐེ་ལན་ལ་ཕན་པ་འདོགས་རྒྱུ་རེད་ཅེས་བརྗོད།
ཀྲུང་གོ་འདི་ཉིད་ལོ་མང་བསྟུད་མར་ཐེ་ལན་གྱི་ཚོང་དོན་རོགས་ཟླ་ཆེ་ཤོས་སུ་གྱུར་ཡོད། ཕུའུ་ཐན་གྱིས་ནང་འདྲེན་དངོས་མང་སྟོན་ཚོགས་ཀྱིས་ཐེ་ལན་གྱི་ཁེ་ལས་ཀྲུང་གོའི་ཁྲོམ་རར་ཞུགས་པར་ཐབས་ལམ་དེ་བས་མང་བ་བཏོད་པ་དང་། ཐེ་ལན་གྱི་ཁེ་ལས་ལ་མངོན་མེད་སྟོབས་ཤུགས་དང་འཇོན་ཐང་ངོམ་པའི་གོ་སྐབས་སྦྱིན་ཡོད་པའི་ངོས་འཛིན་བྱས་ཡོད།
འདི་ལོ་ནི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་བཏོན་ནས་ལོ་བཅུ་འཁོར་བའི་ལོ་ཞིག་རེད། ཕུའུ་ཐན་གྱིས་ནང་འདྲེན་དངོས་མང་སྟོན་ཚོགས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་ལག་ལེན་བསྟར་བར་སྐུལ་འདེད་ཀྱི་ནུས་པ་ཐོན་ནས་ཀྲུང་གོས་ཁྲོམ་ར་འབྱེད་པའི་ཆོད་སེམས་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་ལག་ལེན་ལ་སྐུལ་འདེད་བཏང་བ་དེ་ཐོག་ནས་ཀྲུང་གོས་རྒྱལ་ཁབ་ཁག་གི་མཉམ་སྦྲེལ་མཉམ་མཐུད་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དཀའ་སྤྱད་འབད་འཐབ་བྱས་པ་མངོན་གྱི་ཡོད་པའི་ངོས་འཛིན་བྱས་པ་དང་། ཁོང་གིས། ཚོང་དོན་མཉམ་ལས་ལས་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་བསྐྲུན་ནས་དམངས་ཚོགས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་ཀྱི་ཡོད་པས། འཛམ་གླིང་ཞི་བདེ་འཕེལ་རྒྱས་ལ་དངོས་འབྲེལ་ཕན་པ་འདོགས་ཐུབ་ཅེས་བརྗོད།