མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་གཞི་མང་པོས་ཐ་ཚིག་བསྒྲགས་དོན།
བུད་མེད་དང་བྱིས་པ་ཕ་དབྱིའི་གདོང་ཐུག་ཁྲོད་དུ་གནོད་འཚེ་ཕོག་ཆེ་ཤོས་སུ་གྱུར་ཡོད།
འདི་ནི་ཟླ་11ཚེས་4ཉིན་ཅ་ཧྲ་ས་ཁུལ་གྱི་ལྷོ་རྒྱུད་གྲོང་ཁྱེར་ལཱ་ཧྥ་རུ་བུད་མེད་ཅིག་གིས་དབྱི་སི་རལ་གྱི་འཇབ་རྒོལ་ཕོག་ནས་ཐོར་ཞིག་སོང་བའི་ཁང་པ་ཞིག་རོའི་ནང་གོས་འཁྲུད་བཞིན་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རི་ནེ་ཝ་ནས་ཟླ་11ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཚེས་3ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་གཞི་མང་པོས་མཉམ་འབྲེལ་ཐོག་གསལ་བསྒྲགས་སྤེལ་ནས་བུད་མེད་དང་། བྱིས་པ། དེ་བཞིན་ཕྲུ་གུ་དམར་འབྱར་བཅས་ཀྱི་ཚེ་སྲོག་བདེ་ཐང་གི་བདེ་འཇགས་ལ་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གདོང་ཐུག་ཁྲོད་དུ་ཉེན་ཁ་འཕྲད་ཆེ་ཤོས་ཡིན་ཞིང་། ཤི་རྨས་བྱུང་བའི་མི་གྲངས་ཀྱི་བསྡུར་ཚད་མངོན་གསལ་དོད་པོ་ཡོད་ཅེས་ཐ་ཚིག་བསྒྲགས་པ་རེད།
མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ལྷན་ཚོགས་དང་། མཉམ་འབྲེལ་རྒྱལ་ཚོགས་ཕ་ལེ་སི་ཐན་ཉེ་ཤར་ས་ཁུལ་གྱི་ཡུལ་འཁྱར་བ་རྒུད་སྐྱོབ་དང་ལས་གྲྭ་ཁྲུའུ། མཉམ་འབྲེལ་རྒྱལ་ཚོགས་མི་འབོར་ཐེབས་རྩ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་བཅས་ཀྱིས་མཉམ་འབྲེལ་ཐོག་སྤེལ་བའི་གསལ་བསྒྲགས་ནང་ཕ་ལེ་སི་ཐན་དང་དབྱི་སི་རལ་དབར་མུ་མཐུད་གདོང་ཐུག་བྱུང་ནས་ས་གནས་དེ་གའི་སྨན་བཅོས་སྒྲིག་བཀོད་ལ་གཏོར་སྐྱོན་ཕོག་སྟེ་སྤྱོད་མཚམས་ཆད་པ་དང་། མི་མང་པོ་ཆགས་ས་བརྟེན་ས་མེད་པར་གྱུར་པ། ཆུ་དང་གློག་ཆད་པ། དེ་བཞིན་བཟའ་བཅའ་དང་སྨན་རྫས་ལ་ཚོད་འཛིན་ཕོག་པ་བཅས་ལས་སྦྲུམ་མ་དང་། ཕྲུ་གུ་དམར་འབྱར། བྱིས་པ་བཅས་ཀྱི་འཕྲོད་བསྟེན་བདེ་ཐང་ཞབས་ཞུར་འགོག་རྐྱེན་ཆེན་པོ་བཞིན་ཡོད། སྨན་ཁང་14དང་དམའ་རིམ་འཕྲོད་སྦྱོར་ལྟེ་གནས་45སྒོ་བརྒྱབ་པ་དང་ཆབས་ཅིག སྦྲུམ་མ་དང་དེ་བཞིན་ཕྲུ་གུ་དམར་འབྱར་ལ་ཛ་དྲག་གི་བུ་བཙའི་ཞབས་ཞུ་ཐོབ་ཐབས་བྲལ་ཡོད།
ཅ་ཧྲའི་འཕྲོད་བསྟེན་སྡེ་ཚན་གྱི་གྲངས་གཞིར་གཞིགས་ན། ཟླ་11ཚེས་3ཉིན་བར་ཅ་ཧྲ་ས་ཁུལ་དུ་བུད་མེད་2326དང་བྱིས་པ་3760ཤི་བ་དེས་གདོང་ཐུག་ཁྲོད་དུ་རྐྱེན་ལམ་དུ་ཤོར་བའི་མི་གྲངས་ཀྱི་67%ཟིན་པ་དང་གཞན་ཡང་མི་སྟོང་ཕྲག་ཁ་ཤས་ལ་རྨས་སྐྱོན་ཕོག་ཡོད། གསལ་བསྒྲགས་ནང་གདོང་ཐུག་ཕྱོགས་ཁག་གིས་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་ལ་བརྩི་སྲུང་ཞུས་ཏེ། མི་སེར་ལ་སྲུང་སྐྱོང་བྱེད་པ་དང་དེ་བཞིན་སྨན་བཅོས་འཕྲོད་སྦྱོར་གྱི་ཞབས་འདེགས་ཞུ་བ་སོགས་ཚུད་པའི་དམངས་སྤྱོད་རྨང་གཞིའི་སྒྲིག་བཀོད་ལ་སྲུང་སྐྱོང་བྱེད་དགོས་པ་དང་། ལྷག་པར་དུ་བྱིས་པར་དེ་མཚུངས་ཀྱི་དམིགས་བསལ་སྲུང་སྐྱོང་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད།
མིག་སྔར་ཅ་ཧྲ་ཡི་མི་འབོར་ཕྱེད་ཀ་ཡན་མཉམ་འབྲེལ་རྒྱལ་ཚོགས་ཕ་ལེ་སི་ཐན་ཉེ་ཤར་ས་ཁུལ་གྱི་ཡུལ་འཁྱར་བ་རྒུད་སྐྱོབ་དང་ལས་གྲྭ་ཁྲུའུ་ཡི་ཁང་པའི་ནང་གཡོལ་ནས་བསྡད་ཡོད། སྒྲིག་གཞི་དེས་ཚོད་སྐོར་བྱས་པར་གཞིགས་ན། དེའི་ནང་འཚོ་བ་སྐྱེལ་མཁན་སྦྲུམ་མ་4600ཙམ་དང་ཕྲུ་གུ་དམར་འབྱར་380ལ་སྨན་བཅོས་ནད་སྐྱོང་གི་དགོས་མཁོ་ཡོད་པ་རེད།