དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ངོགས་གཉིས་ཀྱི་གཞོན་ནུ་ཚོས་པར་ཆས་ལ་བརྟེན་ནས་ཇ་རྟའི་གནའ་ལམ་གྱི་གཏམ་རྒྱུད་ཟིན་ཐོར་བཀོད་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-11-07

    ཤིན་ཧྭ་གསར་འགྱུར་ཁང་ཐའེ་པེ་ནས་ཟླ་11ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཚེས་4ཉིན་2023ལོའི་ཇ་རྟའི་གནའ་ལམ་གྱི་དངོས་མཚོན་པར་རིས་འགྲེམས་སྟོན་ཐའེ་པེ་རུ་གཉེར་བ་དང་། འགྲེམས་སྟོན་བྱས་པའི་པར་རིས་བརྩམས་ཆོས་80ཙམ་ལས་ངོགས་གཉིས་ཀྱི་གཞོན་ནུ་པར་ལེན་བས་གནའ་ལམ་རྒྱུད་ཀྱི་ས་ཁུལ་ལ་ལྟ་ཞིབ་དང་ཐོ་འགོད་བྱས་པ་མཚོན་ཡོད་ལ་གནའ་ལམ་ཐོག་གི་འཚོ་བའི་གཏམ་རྒྱུད་དང་ལོ་རྒྱུས་ཀྱི་དྲན་ཤེས་ཀྱང་མངོན་ཡོད་པ་རེད།

    ཇ་རྟའི་གནའ་ལམ་གྱི་དངོས་མཚོན་པར་ལེན་བྱེད་སྒོ་དེ་2017ལོར་གཉེར་བ་ནས་བཟུང་། ངོགས་གཉིས་ཀྱི་གཞོན་ནུ་བརྒྱ་ལྷག་ཙམ་གྱིས་ལག་གདང་སྦྲེལ་ཏེ་གོམ་སྟབས་དང་པར་ཆས་ལ་བརྟེན་ནས། དུས་རབས་གསར་པའི་ཇ་རྟའི་གནའ་ལམ་ས་ཁུལ་གྱི་འགྱུར་ལྡོག་ཟིན་ཐོར་བཀོད་པ་མ་ཟད། གཡུ་འབུམ་གྲོང་ཚོར་རླངས་འཁོར་གྱིས་དྲེལ་གྱི་ཚབ་བྱས་པ་དང་། ལྷ་ཡི་རྦབ་ཆུར་སྐྱོད་སའི་དེ་སྔའི་འདམ་རྫབ་ཀྱིས་ཁེངས་པའི་རི་ལམ་ད་ཆ་རྡོ་སྐས་སུ་གྱུར་པར་ཐུན་མོང་ཐོག་བདེན་དཔང་བྱས་པ་རེད།

    ཇ་རྟའི་གནའ་ལམ་ནི་ཇ་ལས་མིང་ཐོབ་པ་ཞིག་ཡིན་པ་དང་། ལམ་ཁག་གསུམ་དུ་བགོས་ནས་ཁྲོན་བོད་དང་། ཡུན་བོད། དེ་བཞིན་མཚོ་བོད་སོགས་ས་ཁུལ་བརྒྱུད་དགོས་ཀྱི་ཡོད། ཧན་རྒྱལ་རབས་དང་ཐང་རྒྱལ་རབས་ནས་བཟུང་ཇ་རྟའི་ཚོང་དོན་ལས་མི་རིགས་མང་བའི་ས་ཁུལ་དེའི་ཐུན་མིན་གྱི་ལོ་རྒྱུས་དང་། རིག་གནས། རྒྱན་གོས། བཟའ་བཏུང་བཅས་གྲུབ་ནས་ས་ཁུལ་གྱི་ཁྱད་ཆོས་ཕུན་སུམ་ཚོགས་སུ་ཕྱིན་ཡོད།

    ཇུས་འགོད་པ་ཀྲུང་ཧྭ་འགྲན་རྩོད་ནུས་པ་སྤེལ་རེས་མཐུན་ཚོགས་ཀྱི་ལས་འཛིན་དཔོན་ཚའེ་ཅ་ལིན་གྱིས། གནའ་ལམ་དུ་སྐྱོད་པ་དང་ལམ་བུ་གསར་པར་ལྟ་བའི་རྐང་རྗེས་རེ་རེ་ནི་དྲན་འཆར་རེ་རེ་ཡིན་པ་དང་། པར་རིས་རེ་རེ་ནི་ལོ་རྒྱུས་ཀྱི་ལེའུ་རེ་རེ་རེད། ཇ་རྟའི་གནའ་ལམ་གྱི་དངོས་མཚོན་པར་ལེན་སྒར་སར་སྐྱོད་སྐབས་ལམ་བར་དུ་ས་དམ་དང་སེམས་ཀྱི་ཉི་ཟླ་སོགས་བརྒྱུད་དགོས་པས་དེ་ནི་ཡུན་བོད་ལམ་རྒྱུད་ཀྱི་ཇ་རྟའི་གནའ་ལམ་གྱི་ཆ་ཤས་ཤིག་ཡིན་པ་དང་། བྱེད་སྒོའི་ནང་ཞུགས་མྱོང་བའི་སློབ་གྲོགས་ཚང་མས་དེ་ནི་ཁོང་ཚོའི་མི་ཚེའི་ནང་བརྗེད་པར་དཀའ་བའི་འགྲུལ་བཞུད་ཅིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། ངོགས་གཉིས་ཀྱི་གཞོན་ནུ་ཚོས་གནའ་ལམ་གྱི་འགྱུར་ལྡོག་ཟིན་ཐོར་འགོད་པ་དང་བདེན་དཔང་བྱེད་པ་དང་། དེ་བས་གལ་འགངས་ཆེ་བ་ཞིག་ལ་བདེན་དཔང་དེ་དག་བརྒྱུད་དེང་སྐབས་ལ་གཅེས་སྤྲས་བྱེད་པའི་རེ་བ་ཡོད་ཅེས་བརྗོད།

    འདི་ལོའི་ཟླ་བདུན་པར་བྱེད་སྒོ་དེར་ཞུགས་མཁན་ཡུན་ནན་ནགས་ཚལ་ཚན་རྩལ་སློབ་ཆེན་གྱི་སློབ་མ་ཚའེ་ཡུན་ཤོན་གྱིས། ས་དམ་གནའ་གྲོང་གི་དར་རྒྱས་ལ་ཧང་སངས་དགོས་པ་ཞིག་འདུག གནའ་གྲོང་གི་བསྟུན་མཁས་རང་བཞིན་གྱིས་རིག་གནས་ཀྱི་རྒྱབ་ལྗོངས་མི་འདྲ་བ་དང་རིགས་རྒྱུད་མི་འདྲ་བའི་མི་དེ་གར་འཚོ་བ་སྐྱེལ་རྒྱུའི་ཡིད་དབང་བཀུག་འདུག ང་ལ་ཡང་པར་ཆས་ལ་བརྟེན་ནས་མིག་མདུན་གྱི་ཡོད་ཚད་ཟིན་ཐོར་འགོད་པའི་འདུན་པ་དྲག་པོ་སྐྱེས་བྱུང་། ཡུན་ནན་ས་ཁུལ་གྱི་རིག་གནས་འཕེལ་རྒྱས་ཟིན་ཐོར་འགོད་པ་དང་ཆབས་ཅིག་ངས་ཀྱང་རང་གནས་སའི་རིག་གནས་ཀྱི་འབྱུང་འགྱུར་འཕེལ་ཕྱོགས་ལ་བསམ་གཞིག་བྱེད་ཀྱི་ཡོད་ཅེས་བརྗོད།

    ད་ལྟ་དཔེ་སྐྲུན་རྩོམ་སྒྲིག་གི་ལས་ཀ་བྱེད་བཞིན་པའི་ལི་དབྱིང་ཧྭ་2019ལོར་བྱེད་སྒོ་དེར་ཞུགས་སྐབས། ཐའེ་དབན་གྱི་ཅི་ནན་རྒྱལ་སྤྱིའི་སློབ་ཆེན་དུ་སློབ་སྦྱོང་བྱེད་ཀྱི་ཡོད། བྱེད་སྒོར་ཞུགས་མཁན་ངོགས་གཉིས་ཀྱི་གཞོན་ནུ་ཚོ་ཕན་ཚུན་རྒྱུས་མངའ་དེ་ཙམ་མེད། འོན་ཀྱང་མཉམ་གཤིབ་ཀྱི་བརྒྱུད་རིམ་ནང་ཕར་ཕྱོགས་ཀྱི་འཚོ་བ་དང་། ལོ་རྒྱུས། བསམ་ཚུལ་སོགས་རིམ་གྱིས་ཤེས་རྟོགས་བྱུང་བ་མ་ཟད། རྣམ་པ་སྣ་ཚོགས་ཀྱི་བྱེད་སྒོ་སྤེལ་བ་ལས་བརྩེ་སེམས་ཟབ་མོ་ཆགས་ཡོད། ཁོང་གིས“ངའི་བསམ་པར་དེ་ནི་སྤེལ་རེས་ཀྱི་དོན་སྙིང་རེད་སྙམ་གྱི་འདུག”ཅེས་བཤད།

    ད་ཐེངས་ཀྱི་པར་རིས་འགྲེམས་སྟོན་དེ་ཀྲུང་ཧྭ་འགྲན་རྩོད་ནུས་པ་སྤེལ་རེས་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་ཚེས་16ཉིན་བར་འགྲེམས་སྟོན་བྱེད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།