དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་བཏོད་དེ་རང་རྒྱལ་གྱི“ལྗང་མདོག་མཉམ་སྦྲེལ”ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-11-06

    ཉེ་བའི་ལོ་ཤས་རིང་། མཚོ་སྔོན་གྱིས་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་གཏོད་རྒྱུར་ཤུགས་སྣོན་བརྒྱབ་ནས། “ལྗང་མདོག་གློག་ཤུགས”ཕྱིར་གཏོང་གི་འཕར་རྩའི་དྲ་རྒྱ་མགྱོགས་མྱུར་སྐྲུན་བཞིན་ཡོད་པས། ཤར་དབུས་ནུབ་རྒྱུད“ལྗང་མདོག་མཉམ་སྦྲེལ”གྱི་རི་མོ་ཞིག་རིམ་བཞིན་མངོན་བཞིན་ཡོད་པ་རེད།

    ལེ་དབར་ཁྲི་ཕྲག་བརྒལ་ནས“ལྗང་མདོག་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས”ལ་གློག་ཤུགས་མཁོ་འདོན་བྱས་པ།

    མཚོ་སྔོན་ཞིང་ཆེན་ནི་རྨ་འབྲི་རྫ་ཆུ་གསུམ་གྱི་ཆུ་འགོ་ཁུལ་ཡིན་ལ། རང་རྒྱལ་གྱི་ནུས་རྒྱུ་གཙང་མའི་ཐོན་སྐྱེད་རྟེན་གཞི་གལ་ཆེན་ཞིག་ཀྱང་རེད། མིག་སྔར། མཚོ་སྔོན་གྱི་ནུས་རྒྱུ་གཙང་མ་ནས་གློག་འདོན་ཚད་ཆན་ཝ་ཁྲི་4000བརྒལ་བ་དང་། དེའི་ཁྲོད་ནུས་རྒྱུ་གསར་པས་གློག་འདོན་ཚད་ཆན་ཝ་ཁྲི་3000བརྒལ་ནས་གློག་དྲ་ཡོངས་ཀྱི་གློག་ཤུགས་བསྡོམས་འབོར་གྱི་60%ཡན་ཟིན་གྱི་ཡོད་པ་རེད།

    ཟླ་10ཚེས་8ཉིན། ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཧང་ཀྲོའུ་ཨོ་ལིམ་ཕིག་ལུས་རྩལ་ལྟེ་གནས་ཀྱི་ལུས་རྩལ་ཐང་དུ་བདེ་བླག་ངང་མཇུག་འགྲིལ་བ་དང་། མཇུག་འགྲིལ་མཛད་སྒོ་འཚོགས་པའི་དགོང་མོར། འོད་འཕྲོ་ས་ཁྲི་4ཙམ་ཟིན་པའི་གྲངས་འཛིན་ཚོད་འཛིན་ནེའུ་གསེང་ཐོག་མེ་ཏོག་དང་རྦ་རླབས་སོགས་ཀྱི་པར་རིས་རེས་མོས་ངང་མངོན་ནས་འགྲན་རའི་ཕྱི་ནང་གི་ལྟད་མོ་བ་ཚང་མར་མཛེས་སྡུག་ལྡན་པའི་མེ་ཏོག་གླིང་དུ་སླེབས་པ་ལྟ་བུའི་ཚོར་སྣང་སྟེར་བ་ལས། ཀྲུང་གོས་ཨེ་ཤེ་ཡ་དང་འཛམ་གླིང་ལ་ཚན་རྩལ་དང་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ལ་མཐོང་ཆེན་བྱེད་ལུགས་མངོན་ཡོད།

    ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྐབས། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གསེར་ཆེན་རྫོང་གི་དོལ་ཐང་དུ་ཡོད་པའི་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིའི་ལས་དོན་པས་ཧྭ་ནེང་གསེར་ཆེན་དུས་ཐེངས་བདུན་པའི་ཀྲའོ་ཝ་50ཡི་གོང་སྙོམས་འོད་ཤུགས་གློག་ཁང་ལ་ལག་རྩལ་གྱི་རོགས་རམ་དང་བདེ་འཇགས་གློག་སྤྱོད་ཞིབ་བཤེར་གྱི་ཞབས་ཞུ་མཁོ་འདོན་བྱས་པ་རེད།

    འོད་ཤུགས་གློག་ཁང་དེ་ནི་མཚོ་སྔོན་ཞིང་ཆེན་དུ་ཡོད་པའི་ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི“ལྗང་མདོག་གློག་ཤུགས”ཀྱི་གློག་ཁུངས་གྲས་ཤིག་རེད། ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་རིང་། མཚོ་སྔོན་གྱིས་ཆེས་མཐོ་གནོན་ཕྱིར་གཏོང་སྐུད་ལམ་བརྒྱུད་ཧང་ཀྲོའུ་ལ“ལྗང་མདོག་གློག་ཤུགས”ཆུ་ཚོད་ཆན་ཝ་ཁྲི་7000ལྷག་བཏང་བ་དེ་དབྱང་གཉིས་ཐཱན་འགྱུར་གྱི་བཙོག་འབུད་ཏུན་ཁྲི་6ཙམ་ཉུང་དུ་བཏང་བ་དང་གཅིག་པ་རེད། “ལྗང་མདོག་གློག་ཤུགས”བརྟན་པོའི་ངང་གཏོང་ཐུབ་ཆེད། རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིས་དྲ་སྦྲེལ་ལྗང་མདོག་བགྲོད་ལམ་མགྱོགས་མྱུར་བཏོད་དེ“གཅིག་གཏད་གཅིག”གི་དྲ་སྦྲེལ་ཞབས་ཞུ་སོགས་ཀྱི་བྱེད་ཐབས་ལག་བསྟར་བྱས་པ་རེད།

    གློག་ཤུགས“མཁའ་ལམ”ཞིག་གིས“ནུབ་གློག་ཤར་འདྲེན”གྱི་ཐབས་ལམ་ཡངས་སུ་བཏང་བ།

    མཚོ་སྔོན་ལ་ཉི་ནུས་དང་རླུང་ནུས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་ཀྱང་། ནུས་རྒྱུ་གསར་པས་གློག་འདོན་ཚད་ཚང་མ་རང་སའི་ཁྲོམ་རས་སྤྱོད་ཉར་བྱེད་ཐུབ་ཀྱི་མེད། ཀྲུང་ཡོན་ས་ཁུལ་གྱི་དབུས་སུ་གནས་པའི་ཧོ་ནན་ཞིང་ཆེན་དུ་མི་འདུས་སྡོད་ཆེ་ལ་ཐོན་ལས་ཀྱང་མང་པོ་ཡོད་པ་རེད།

    2020ལོར། ནུས་རྒྱུ་གཙང་མ་འདྲེན་རྒྱུས་གཙོས་པའི་གློག་གཏོང་སྐུད་ལམ་ཆེ་མོ་སྟེ་མཚོ་སྔོན་ནས་ཧོ་ནན་དབར་གྱི་ཆན་ཧྥུའུ་800ཡི་ཆེས་མཐོ་གནོན་ཐད་རྒྱུག་ལས་གྲྭ(གཤམ་དུ་མཚོ་ཡུས་ཆེས་མཐོ་གནོན་ཞེས་བསྡུ་རྒྱུ)བསྐྲུན་ནས་གཉེར་སྐྱོང་བྱེད་འགོ་ཚུགས་པ་རེད།

    འདི་ལོའི་ཟླ་བཅུ་པར། མཚོ་ཡུས་ཆེས་མཐོ་གནོན་གྱི་འཚང་གཡོལ་གློག་ཁུངས་གཙོ་བོ་ཡིན་པའི་ལི་ཅཱ་ཞ་ཆུ་ཤུགས་གློག་ཁང་གི་འཕྲུལ་ཚན་ལྔ་པ་ཆུ་ཚོད་72རིང་ཚོད་ལྟ་བྱས་རྗེས་དངོས་སུ་གཉེར་སྐྱོང་བྱས་ནས་གློག་གཏོང་འགོ་ཚུགས་པ་རེད།

    “ལས་གྲྭ་དེས་གཙོ་བོར་འོད་ཤུགས་དང་རླུང་ནུས་གློག་འདོན་གྱི་བར་སྐབས་རང་བཞིན་གྱི་གློག་ཁུངས་གཉེར་སྐྱོང་ལ་གཞོགས་འདེགས་བྱས་ནས། ནུས་རྒྱུ་གསར་པའི་གློག་འདོན་དེ་བདེ་འཇགས་ལྡན་ལ་སྤུས་ཚད་ལེགས་པའི་གློག་ཁུངས་བརྟན་པོ་ཞིག་ཏུ་སྒྱུར་གྱི་ཡོད”ཅེས་རྒྱལ་ཁབ་གློག་ཤུགས་མ་འཇོག་རྨ་ཆུ་སྟོད་རྒྱུད་ཆུ་གློག་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སིའི་ལས་གྲྭ་དོ་དམ་པུའི་གཙོ་གཉེར་བ་ཤུའེ་ཉིང་གིས་ངོ་སྤྲོད་བྱས་པ་རེད།

    སྐུད་ལམ་གཅིག་གིས་མཚོ་ཡུས་སྦྲེལ། “ཐཱན་ཉུང”ལེའུ་གསར་པ་བརྩམས། མཚོ་བོད་ས་མཐོའི་གློག་ཤུགས་གཙང་མ་རི་ཆུ་སྟོང་ཕྲག་བརྒལ་ནས་ཀྲུང་ཡོན་དབུས་རྒྱུད་དུ་རྒྱུན་ཆད་མེད་པར་གཏོང་བཞིན་ཡོད།

    ལག་རྩལ་གསར་གཏོད་བྱས་ནས་ས་ཁོངས་སྒྲོལ་བའི་ཐཱན་ཉུང་རོགས་ལས་ལ་རམ་འདེགས་བྱས་པ།

    མཚོ་སྔོན་ནས་ལེ་དབར་ཁྲི་ཕྲག་བརྒལ་ཏེ“ལྗང་མདོག་གློག་ཤུགས”ཞིང་ཆེན་སྒྲོལ་ནས་འདྲེན་གཏོང་ཐུབ་པ་དེ་ས་གནས་དེ་གས་གློག་ཤུགས་མ་ལག་གི་ནུས་ལྷག་གསབ་རེས་མཐུན་སྦྱོར་ཚོད་འཛིན་སོགས་ཀྱི་ལག་རྩལ་གསར་གཏོད་འཚོལ་ཞིབ་བྱས་པ་དང་ཁ་འབྲལ་ཐབས་མེད། མེ་ཤུགས་གློག་འདོན་དང་བསྡུར་ན། རླུང་ཤུགས་དང་ཉི་འོད་སྐབས་རེ་ཡོད་ལ་སྐབས་རེ་མེད་པ་དང་ཡང་ན་སྐབས་རེ་ཆེ་ལ་སྐབས་རེ་ཆུང་བའི་གནས་ཚུལ་ཡང་ཡོད་པས་ནུས་རྒྱུ་གསར་པའི་གློག་འདོན་ཐད་བར་སྐབས་རང་བཞིན་དང་འཕར་ཆག་རང་བཞིན་གྱི་དཀའ་གནད་འཕྲད་ཡོད། ཡིན་ན་ཡང་། ད་ཆ། ལས་རིགས་འདིའི་དཀའ་གནད“ཆུ་འོད་གསབ་རེས”ཁྲོད་ནས་ཐག་གཅོད་ཐུབ་ཡོད།

    མཚོ་ལྷོ་ཀྲོའུ་དོལ་ཐང་འོད་ཤུགས་གློག་འདོན་ཁུལ་དུ་ཉི་འོད་འཕྲོས་པའི་འོད་ཤུགས་པང་ལེབ་ཀྱིས་ཁེངས་ཤིང་། སྤྱི་ལེ་བཅུ་ཕྲག་ཁ་ཤས་མཚམས་སུ་རྨ་ཆུའི་སྟོད་རྒྱུད་ཀྱི་སྐས་རིམ་གློག་ཁང་ཆེ་གྲས་ལུང་ཡངས་འགག་ཆུ་ཤུགས་གློག་ཁང་མཐོང་ཐུབ།

    “ཁུལ་དེའི་འོད་ཤུགས་པང་ལེབ་ཀྱི་གློག་ཤུགས་ཚང་མ་གློག་སྒྱུར་ས་ཚིགས་བརྒྱུད་ཆན་ཧྥུའུ་330བར་མཐོ་རུ་བཏང་རྗེས་མཐོ་གནོན་གློག་འདྲེན་སྐུད་ལམ་བརྒྱུད་དེ་ལུང་ཡངས་འགག་ཆུ་ཤུགས་གློག་ཁང་དུ་གཏོང་གི་ཡོད་པ་དང་། ཆུ་ཤུགས་གློག་ཁང་དེས་སྤྱིའི་གློག་འདོན་ལས་འགན་དང་འོད་ཤུགས་གློག་འདོན་ཚད་གཞིར་བཟུང་ནས་ཆུ་གློག་སྙོམས་སྒྲིག་བྱས་མཐར་དྲ་སྦྲེལ་བྱས་ནས་ཕྱིར་གཏོང་གི་ཡོད”ཅེས་རྒྱལ་ཁབ་གློག་ཤུགས་མ་འཇོག་རྨ་ཆུའི་སྟོད་རྒྱུད་ཆུ་གློག་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སི་ལུང་ཡངས་འགག་གློག་འདོན་ཡན་ལག་ཀུང་སི་ཕྱོགས་བསྡུས་པུའི་ཀྲུའུ་རེན་ཡུས་ཧའེ་ཆིང་གིས་ངོ་སྤྲོད་བྱས་པ་རེད།

    “ཆུ་འོད་གསབ་རེས”བརྒྱུད། ལུང་ཡངས་འགག་ཆུ་ཤུགས་གློག་ཁང་གི་ཕྱིར་གཏོང་སྐུད་ལམ་ལོ་རེར་སྤྱོད་ཡུན་དེ་སྔའི་ཆུ་ཚོད་4621ནས་5019བར་མང་དུ་ཕྱིན་པ་དང་། ལུང་ཡངས་འགག“ཆུ་འོད་གསབ་རེས”འོད་ཤུགས་གློག་ཁང་གི་གློག་འདོན་ཚད་ཆ་སྙོམས་ལོ་རེར་ཆུ་ཚོད་ཆན་ཝ་དུང་ཕྱུར་14.94ལྟར་བརྩིས་ན། ལོ་རེར་ཚད་ལྡན་རྡོ་སོལ་ཏུན་ཁྲི་46.46གྲོན་ཆུང་ཐུབ་ནས་དབྱང་གཉིས་ཐཱན་འགྱུར་ཏུན་ཁྲི་122.66ཙམ་ཉུང་དུ་གཏོང་ཐུབ་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།