ཀྲུང་གོའི་ཁྱིམ་སྤྱོད་གློག་ཆས་ཨུ་རུ་སུའི་ཁྲོམ་རར་བྲིན་ཁ་རྒྱུག་པ།
ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དུ་གནས་པའི་ཧའེ་ཤིན་བརྙན་པར་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིའི་ཧོང་ཏའོ་རྟེན་གཞིའི་ཐོན་སྐྱེད་འཁོར་ཁང་ནང་ལས་ལ་བྲེལ་བའི་རྣམ་པས་ཁེངས་ཤིང་། བཟོ་པ་ཚོས་ནུས་ཤུགས་ཡོད་རྒུས་ཐོན་སྐྱེད་བྱས་ཏེ་ཁྲོམ་རའི་དགོས་མཁོ་སྐོང་བཞིན་ཡོད། འདི་ནི་ཟླ་2ཚེས་9ཉིན་བཟོ་པ་ཚོས་ཕྱི་ཕྱོགས་ཚོང་དོན་གྱི་མངགས་ཐོ་མགྱོགས་མྱུར་བཟོ་བའི་རྣམ་པ་ཡིན་པ།
ཨུ་རུ་སུའི་F+ཆ་འཕྲིན་ལག་རྩལ་མ་རྐང་ཚོད་འཛིན་ཀུང་སིའི་བསྡོམས་རྩིས་གྲངས་གཞི་ལས་མངོན་པར། ཀྲུང་གོའི་བརྙན་འཕྲིན་ཨུ་རུ་སུར་ཕྱིར་ཚོང་བྱེད་ཚད་ཨང་དང་པོར་སླེབས་ཡོད་ཅིང་། འདི་ལོ་ཨུ་རུ་སུར་ཕྱིར་ཚོང་བྱེད་ཚད་མང་ཤོས་ཡིན་པའི་བརྙན་འཕྲིན་ནི་ཀྲུང་གོའི་ཧེའར་རྟགས་ཅན་གྱི་བརྙན་འཕྲིན་ཡིན་པ་དེས་ཨུ་རུ་སུའི་རྒྱལ་ཡོངས་སུ་ཕྱིར་ཚོང་བྱེད་ཚད་བསྡོམས་འབོར་གྱི་11.5%བཟུང་ཡོད་པ་དང་། ཕྱིར་ཚོང་བྱེད་ཚད་ཧེའར་རྟགས་ཅན་གྱི་རྗེས་སུ་སླེབས་པའི་སྤུས་རྟགས་གཉིས་ནི་ཞའོ་སྨི་དང་ཧའེ་ཤིན་ཡིན་ཞིང་། དེ་གཉིས་ཀྱང་ཀྲུང་གོ་ནས་ཐོན་པ་དང་ཁྲོམ་རའི་བགོ་སྐལ་8.3%དང་6.6%སོ་སོར་ཟིན་ཡོད་པ་རེད།
ཁྱིམ་སྤྱོད་གློག་ཆས་ལས་རིགས་ཀྱི་ཞིབ་འཇུག་པས་ཨུ་རུ་སུའི་ཁྱིམ་སྤྱོད་གློག་ཆས་ཀྱི་འཛད་སྤྱོད་པས་ཀྲུང་གོའི་སྤུས་རྟགས་ལ་རིམ་བཞིན་དགའ་པོ་བྱེད་ཀྱི་ཡོད། ཁྲོམ་རའི་འཕེལ་ཕྱོགས་གསར་པ་དེ་རིགས་བརྙན་འཕྲིན་གྱི་ཁྱབ་ཁོངས་སུ་མངོན་པ་མ་ཟད། ཁྱིམ་སྤྱོད་གློག་ཆས་ཆེ་གྲས་དང་ཆུང་གྲས་ཀྱི་ཁྱབ་ཁོངས་སུའང་མངོན་ཡོད། ད་ཆ་ཀྲུང་གོ་དང་ཐུར་ཁེའི་སྤུས་རྟགས་ཀྱིས་ཁྱིམ་སྤྱོད་གློག་ཆས་ཁྲོམ་རའི་བགོ་སྐལ་གྱི་མདུན་གྲལ་གྱི་གནས་བབ་བཟུང་ཡོད་ཅེས་བརྗོད།
ལས་རིགས་ནང་ཁུལ་གྱིས་དབྱེ་ཞིབ་བྱས་པར་གཞིགས་ན། ཀྲུང་གོས་བཏོན་པའི་ཁྱིམ་སྤྱོད་གློག་ཆས་ཀྱི་རིགས་མང་བ་དང་། ཚན་རྩལ་འདུས་ཚད་ཆེ་བ། རིན་གོང་འཚམ་པོ་ཡོད་པས་ཨུ་རུ་སུའི་འཛད་སྤྱོད་པའི་ཡིད་དབང་བཀུག་ཡོད།
མིག་སྔར་ཀྲུང་གོ་དང་ཨུ་རུ་སུའི་ཁྱིམ་སྤྱོད་གློག་ཆས་ཚོང་དོན་འཕར་བཞིན་ཡོད་པ་དང་། བསྡོམས་རྩིས་བྱས་པར་གཞིགས་ན། འདི་ལོའི་ཟླ་དང་པོ་ནས་བརྒྱད་པའི་བར་ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་དུས་མཚུངས་ལས་32%འཕར་བ་དང་། ཀྲུང་གོའི་ཁྱིམ་སྤྱོད་གློག་ཆས་དང་གློག་ཤུགས་སྒྲིག་ཆས་ཨུ་རུ་སུར་ཕྱིར་གཏོང་བྱེད་ཚད་དུས་མཚུངས་ལས་37%ཙམ་འཕར་ཡོད་པ་རེད།
—— ཨུ་རུ་སུའི་ཚོང་ལས་རླུང་འཕྲིན་ལས་ཁུངས་ཀྱི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།