ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མངོན་པ།
—— མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོང་དོན་འཕེལ་རྒྱས་ཚོགས་འདུའི་དཔལ་འབྱོར་རིག་པ་མཁས་ཅན་བསླབ་པ་རྒན་གྲས་ལེང་གོ་ཡུང་ལ་བཅར་འདྲི་བྱས་པ།
ཉིན་ཤས་གོང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོང་དོན་འཕེལ་རྒྱས་ཚོགས་འདུའི་དཔལ་འབྱོར་རིག་པ་མཁས་ཅན་བསླབ་པ་རྒན་གྲས་ལེང་གོ་ཡུང་གིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཡིག་ཐོག་བཅར་འདྲི་དང་ལེན་བྱེད་སྐབས། འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་ཀྲུང་གོའི་དཔལ་འབྱོར་འཕར་བའི་གནས་ཚུལ་ནས་བལྟས་ན་འཕེལ་རྒྱས་ཀྱི་མཉེན་ཤུགས་དང་མི་མངོན་པའི་སྟོབས་ཤུགས་མངོན་ཡོད་ཅེས་བརྗོད་པ་རེད།
ཀྲུང་གོའི་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ཞིབ་རྩིས་བྱས་པར་གཞིགས་ན། འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་ཀྲུང་གོའི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་(GDP)འགྱུར་མེད་རིན་གོང་ལྟར་རྩིས་བརྒྱབ་ཚེ་དུས་མཚུངས་ལས་5.2%འཕར་ཡོད་པ་རེད།
ལེང་གོ་ཡུང་གིས་བརྗོད་དོན། འཛམ་གླིང་གི་དཔལ་འབྱོར་དངོས་ཚན་གཙོ་བོའི་ཁྲོད་ཀྲུང་གོའི་དཔལ་འབྱོར་འཕར་ཚད་ཅུང་མགྱོགས་པོ་ཡོད། གཞན་ཡང་འདི་ལོའི་ལོ་སྨད་ནས་བཟུང་ཀྲུང་གོའི་སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་ཀྱིས་མུ་མཐུད་ནུས་པ་ཐོན་པ་དང་ཁྲོམ་ར་ཁག་གཅིག་གིས་ཡོངས་ཁྱབ་ངང་དོ་ཁུར་བྱེད་པའི་གནད་དོན་ཐག་གཅོད་ཐུབ་ནས་ཉེན་ཁ་རིམ་བཞིན་བསལ་ཡོད་པ་རེད།
ལེང་གོ་ཡུང་གིས། འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་ཚོང་དོན་གཞི་གྲངས་ལ་བལྟས་ན། རིམས་ནད་རྗེས་ཀྲུང་གོའི་ཡུལ་མི་ཕྱི་རྒྱལ་དུ་ཡུལ་སྐོར་དུ་སྐྱོད་ཚད་མང་དུ་སོང་ནས་ཀྲུང་གོའི་ཞབས་ཞུ་ཚོང་དོན་ནང་འདྲེན་བྱེད་ཚད་མཐོ་རུ་ཕྱིན་ཁར་རྒྱལ་ཁབ་གཞན་དག་གི་དཔལ་འབྱོར་འཕར་བར་སྐུལ་འདེད་གཏོང་བའི་ཐད་ཕན་ཐོགས་ཡོད་ཅེས་དམིགས་སུ་བཀར་ནས་བརྗོད་པ་རེད།
ལེང་གོ་ཡུང་གིས། འདས་ཟིན་པའི་ལོ་བཅུ་ཕྲག་ནང་ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་གི་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེ་ཤོས་དེ་རེད། གོ་ལ་ཧྲིལ་པོའི་དཔལ་འབྱོར་དངོས་ཚན་ཆེ་གྲས་གཉིས་པ་ཡིན་པའི་ཀྲུང་གོས་འཛམ་གླིང་གི་དཔལ་འབྱོར་འཕར་བའི་ཁྲོད་མུ་མཐུད་ནུས་པ་གལ་ཆེན་འདོན་རྒྱུ་རེད་ཅེས་བརྗོད་ཅིང་། ཁོང་གིས་སྔོན་དཔག་ལྟར་ན། ད་ལོ་ཀྲུང་གོས་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་ཚད་སུམ་ཆ་གཅིག་ཟིན་རྒྱུ་རེད་ཅེས་བརྗོད་པ་རེད།
ཧྲང་ཧའེ་རུ་འཚོག་ཉེར་ཡོད་པའི་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དྲུག་པའི་སྐོར་གླེང་སྐབས། ལེང་གོ་ཡུང་གིས་ནང་འདྲེན་དངོས་མང་སྟོན་ཚོགས་ཀྱིས་རྒྱལ་སྤྱིའི་ཉོ་སྒྲུབ་དང་། མ་འཇོག་སྐུལ་འདེད། སྒོ་དབྱེ་མཉམ་ལས་བཅས་ཀྱི་རྒྱལ་སྤྱིའི་ལས་སྟེགས་བསྐྲུན་པར་བརྟེན། ཀྲུང་གོས་ནང་འདྲེན་ཉོ་སྒྲུབ་བྱེད་རྒྱ་ཆེ་རུ་གཏོང་བར་ཕན་པ་དང་རྒྱལ་ཁབ་ཁག་གི་ཁེ་ལས་ལ་གོ་སྐབས་གསར་པ་མཁོ་འདོན་ཐུབ་པའི་ངོས་འཛིན་བྱས་པ་རེད།