འབད་འབུངས་ཡར་བརྩོན་བྱེད་པའི་དུས། དངོས་སྒྲུབ་ལག་བསྟར་བྱས་རྗེས་འཇོག
—— རང་ལྗོངས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོའི་སློབ་སྦྱོང་གྲུབ་འབྲས“འཛུགས་གཏོད་བཞི”ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་སྒྱུར་བ། (སྟོད་ཆ)
བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནས་བཟུང་། རང་ལྗོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་ཤུགས་སྣོན་བརྒྱབ་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཅིང་། ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་གི་འོམ་བུ་བྱང་ཕྱོགས་གྲོང་ཚོའི་གཡུ་ལྟར་སྔོ་བའི་འདམ་ཆུང་མཚོ་དང་མཚོ་ངོགས་ཀྱི་གྲོང་སྡེའི་ཡུལ་ལྗོངས་ནི་པིར་རྩལ་མཁན་པོའི་ཕྱག་སོར་ལས་འཁྲུངས་པའི་རི་མོའི་བརྩམས་ཆོས་ལྟར་དུ་སྣང་།
རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལ་ཤུགས་སྣོན་བརྒྱབ་ཅིང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བ་མཐའ་འཁྱོངས་ཀྱིས་དཔེ་བཟང་ཁུལ་འཛུགས་གཏོད་ཀྱི་ལམ་སྲོལ་དང་འཛུགས་གཏོད་འཆར་འགོད་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ། འཛུགས་གཏོད་ཀྱི་ལས་དོན་རིམ་པ་མང་བ་དང་། ཁྱབ་ཁོངས་མང་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་སྤེལ་བར་རྒྱུན་མཐུད་སྐུལ་འདེད་བཏང་ཡོད།
ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་འཛུགས་གཏོད་ལ་ཤུགས་སྣོན་བརྒྱབ་ཅིང་། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བས། ལྗོངས་ཡོངས་སུ་ལོ་སྟོད་དུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1069.60བྱུང་ཡོད།
རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་ཤུགས་སྣོན་བརྒྱབ་ཅིང་། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གང་མགྱོགས་འཛུགས་གཏོད་བྱས་པ་དང་། 2022ལོར་ལྗོངས་ཡོངས་ཀྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་བསྟན་ཚད་99%ཡན་ཟིན་ཡོད།
རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་ལ་ཤུགས་སྣོན་བརྒྱབ་ཅིང་། མཐའ་བརྟན་མཐའ་དར་དང་དམངས་ཕྱུག་གི་བྱ་སྤྱོད་ལག་ལེན་གཏིང་ཟབ་བསྟར་ནས་མཐའ་མཚམས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་གང་མགྱོགས་སྐུལ་འདེད་བཏང་བས་མཐའ་མཚམས་ས་ཁུལ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་ཡོད།
རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པར“འཛུགས་གཏོད་བཞིའི”བརྗིད་ཆེའི་འཆར་གཞི་བཀོད་པ་དང་། རང་ལྗོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་གོ་སྐབས་སུ་བྱས་ནས། བསམ་ཕྱོགས་གསར་པ་དང་། ཐབས་ཤེས་གསར་པ། བྱེད་ཐབས་གསར་པ་བཅས་ཟམ་མི་ཆད་པར་འཚོལ་ཞིབ་བྱེད་པ་དང་། རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་འཕེལ་རྒྱས་ཀྱི་ལག་ལེན་ལ་མཛུབ་ཁྲིད་བྱེད་པ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ནས་འཕེལ་རྒྱས་ཀྱི་དཀའ་གནད་ཐག་གཅོད་ལ་སྐུལ་འདེད་གཏོང་བ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི“དོན་ཆེན་བཞི”དོན་འཁྱོལ་ལ་དམ་པོར་དམིགས་པ། “འཛུགས་གཏོད་བཞི”ལ་སྐུལ་འདེད་ཏན་ཏིག་གཏོང་བ། བརྟག་ཞིབ་ཀྱི་གཙོ་གནད་ཁ་གསལ་བཟོ་བ། གྲུབ་འབྲས་གཞན་སྒྱུར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཡོད། རིམ་ཁག་སྡེ་ཚན་ཁག་གིས་མང་ཚོགས་ཁྲོད་ནས་ཡོང་བ་དང་མང་ཚོགས་ཁྲོད་དུ་བསྐྱོད་དེ། མཁོ་དགོས་དམངས་ལ་འདྲི་བ་དང་། ཐབས་ཇུས་དམངས་ལ་འདྲི་བ། ཕན་འབྲས་དམངས་ལ་འདྲི་བ། བརྟག་དཔྱད་ཞིབ་འཇུག་གི་རིན་ཐང་དོན་གཉེར་བྱེད་སར་སྣང་ཆེན། བརྟག་ཞིབ་ཁྲོད་ཀྱི་བསམ་གཞིག་གནད་དོན་ཐག་གཅོད་ཀྱི་བྱེད་ཐབས་སུ་འགྱུར་བར་བྱེད་པ། མི་རིགས་ཁག་གི་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་ལ་བརྟེན་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་ལ་ཞིབ་བཤེར་བཅས་བྱས་ཏེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བྱ་སྤྱོད་དངོས་ལ་སྐུལ་འདེད་བཏང་ནས་ཏང་དང་མི་དམངས་ལ་དུས་རབས་ཀྱི་རྒྱུགས་ལན་ཡག་པོ་ཞིག་ཕུལ་ཡོད།
ཟབ་སྦྱོང་མཐིལ་རྟོགས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་བ།
མདུན་སྐྱོད་ཀྱི་སྒུལ་ཤུགས་ནི་དད་མོས་ལས་བྱུང་བ་དང་། བྱ་སྤྱོད་ཀྱི་སྔོན་ཁྲིད་ནི་བསམ་བློ་ལས་བྱུང་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུར་ཤུགས་སྣོན་རྒྱག་པའི་གལ་ཆེའི་རང་བཞིན་རྒྱས་བཤད་གཏིང་ཟབ་གནང་ཡོད། ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི“དགོངས་པ་སློབ་སྦྱོང”བྱེད་པ་ནི་སྔོན་འགྲོ་ཡིན་ཞིང་། དེ་ནི་ལས་དོན་གྱི་ཐོག་མཐའ་བར་གསུམ་དུ་ཁྱབ་པའི་གཙོ་རྐང་དང་ལས་དོན་ཁག་ཡག་པོ་སྒྲུབ་པའི་སྔོན་འགྲོའི་ཆ་རྐྱེན་དང་རྨང་གཞི་ཡིན།
བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནས་བཟུང་། རང་ལྗོངས་ཀྱིས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་བརྗོད་དོན་གཙོ་བོའི་སློབ་གསོའི་སློབ་སྦྱོང་གི་ནང་དོན་གལ་ཆེན་དང་ལག་ལེན་གྱི་གཞི་རྟེན་གཙོ་བོའི་གྲས་ཤིག་ཏུ་བརྩིས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་རྒྱུ་དམིགས་ཚད་དུ་བྱས་ཏེ་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་བ་དང་། བྱ་སྤྱོད་ལ་བརྟེན་ནས་འགན་འཁྲི་བསྒྲུབས་ཏེ་སྔོན་ཐོན་གྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱས་འབྲས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་འཇོན་ཐང་དང་ནུས་པར་འགྱུར་བར་བྱས་ཡོད།
“བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྐུལ་སློང་དང་བཀོད་སྒྲིག་བྱས་པ་ནས་བཟུང་། ཆབ་མདོ་ཡན་ལག་དམག་ཁུལ་ཁང་གིས་འཕྲལ་མར་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། བརྗོད་དོན་གཙོ་བོའི་གཙོ་རྐང་ལ་དམིགས་པ་དང་། ‘དགོངས་པ་སློབ་སྦྱོང’ལས་འགན་ཨང་དང་པོར་བརྩི་བ། གང་མགྱོགས་གསར་གཏོད་དང་། སྐུལ་འདེད་བརྟན་པོ། དམིགས་སར་དོན་འཁྱོལ་བཅས་མཐའ་འཁྱོངས་བྱེད་པ། བརྗོད་དོན་གཙོ་བོའི་སློབ་གསོ་དང་དམག་དམངས་མཐུན་སྒྲིལ་གྱི་ལས་དོན་ཟུང་འབྲེལ་དམ་ཟབ་བྱེད་པ། རྣམ་པ་གསར་གཏོད་དང་གཞི་རྟེན་ཕུན་སུམ་ཚོགས་སུ་གཏོང་བ། ཕྱོགས་གཉིས་ལ་དམ་འཛིན་དང་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཕན་འབྲས་གསར་པ་ཐོན་པར་བྱས་ནས་གྲུབ་འབྲས་དངོས་ལ་བརྟེན་ཏེ་བརྗོད་དོན་གཙོ་བོའི་སློབ་གསོའི་ཕན་འབྲས་ལ་ཞིབ་དཔྱད་བྱེད་ཀྱི་ཡིན”ཞེས་བོད་ལྗོངས་ཆབ་མདོ་ཡན་ལག་དམག་ཁུལ་ཁང་དྲིལ་བསྒྲགས་སྲུང་སྐྱོབ་ཁོའོ་ཡི་ལས་མི་ཀྲོའུ་ཁྲུའུ་ཅུན་གྱིས་ངོ་སྤྲོད་བྱས།
ཆབ་མདོ་ནི་བོད་རང་སྐྱོང་ལྗོངས་དང་། སི་ཁྲོན། མཚོ་སྔོན། ཡུན་ནན་བཅས་འབྲེལ་མཚམས་ཀྱི་འགག་མདོར་གནས་པ་དང་། དེ་ནི་ཁྲོན་བོད་གཞུང་ལམ་དང་ཡུན་བོད་གཞུང་ལམ་གྱི་བརྒྱུད་དགོས་ངེས་ཀྱི་ས་ཆ་དང“ཇ་རྟའི་ཚོང་ལམ”གྱི་འགག་མདོ་དང་རྒྱ་རིགས་དང་བོད་རིགས་སོགས་མི་རིགས་ཁག་དབར་མཉམ་འདྲེས་བྱེད་པའི་འབྲེལ་ཐག་ལྟ་བུ་རེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རིང་ཆབ་མདོ་དམག་ཁུལ་ཡན་ལག་ཁང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བར་གཞི་ཚུགས་ནས། དཔོན་དམག་ལ་མི་རིགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་སྲིད་ཇུས་སློབ་སྦྱོང་བྱེད་དུ་བཅུག་པ་དང་བསམ་བློའི་རྨང་གཞི་བརྟན་དུ་བཏང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པར་བྱས་ཡོད།
“ལྷ་སའི་མཐོ་གསར་ལག་རྩལ་གསར་སྤེལ་ཁུལ་གྱིས་ཏང་གི་མི་རིགས་ལས་དོན་ལ་ཐོག་མཐའ་བར་གསུམ་དུ་མཐོང་ཆེན་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་གཙོ་གནད་ལས་འགན་དང་ཟུང་འབྲེལ་བྱས་ཏེ། ‘མི་རིགས་མཐུན་སྒྲིལ་དང་མཛེས་མཐུན་མཉམ་སྐྱོད་ཀྱིས་གངས་ལྗོངས་ས་མཐོར་འཕེལ་རྒྱས་མྱུར་པོ་ཡོང་བར་སྐུལ་འདེད་གཏོང་དགོས’ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ལྷ་སའི་གྲངས་འཛིན་དང་སྒྱུ་རྩལ་ཟུང་དུ་འབྲེལ་བའི་གློག་སྒྲོན་གྱི་མིག་གི་སྟོན་མོ་བཤམས་ཡོད། དམངས་ཕན་འདུ་འགོད་ཀྱི་ཀྲུང་ཧྭའི་རིག་གནས་སྤྱི་གླིང་ལག་ལེན་བསྟར་ནས་མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་འགྲེམས་སྟོན་གྱི་ཕན་འབྲས་སྔར་བས་སྲ་བརྟན་བཏང་ཡོད”ཅེས་ལྷ་སའི་མཐོ་གསར་ལག་རྩལ་གསར་སྤེལ་ཁུལ་གྱི་བརྗོད་དོན་གཙོ་བོའི་སློབ་གསོ་གཞུང་ལས་ཁང་གི་འགན་འཁུར་བ་ཝང་ལུང་ལུང་གིས་མི་རིགས་མཐུན་སྒྲིལ་ལས་དོན་སྐོར་གླེང་སྐབས་མྱོང་ཚོར་ཟབ་མོས་བཤད།
གྲོང་ཁྱེར(ས་ཁུལ)ཁག་གི་སྤྱོད་གོ་ཆོད་པའི་བྱེད་ཐབས་རབ་དང་རིམ་པས་རང་ལྗོངས་ཀྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་པ་དེ་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་དང་ཟུང་འབྲེལ་བྱས་ནས་སྐུལ་འདེད་ཏན་ཏིག་བཏང་ཡོད། མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་མཆུ་སོ་བརྟེན་རེས་དང་། འོ་ཆུ་མཉམ་འདྲེས། རང་གི་མིག་འབྲས་ལ་གཅེས་པ་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱས་པས། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ས་མཐོའི་ས་གཞི་ཆེན་པོའི་བཀྲག་མདངས་འཚེར་ཤོས་སུ་གྱུར་ཡོད།
ཏང་གཤིས་བརྟན་གཏོང་གིས་གངས་ལྗོངས་ས་མཐོའི་རི་སྔོན་ཆུ་དྭངས་ཡག་པོ་བསྲུངས་པ།
ཏང་གིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་ནི་རང་རྒྱལ་གྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་རྩ་བའི་འགན་ལེན་རེད། རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཚོགས་ཆེན་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་དམིགས་ཚད་གལ་ཆེན་ཞིག་ཡིན་པས་ངེས་པར་དུ་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་དགོས”ཞེས་ནན་བཤད་གནང་ཡོད།
མཚོ་བོད་ས་མཐོར“ས་གོ་ལའི་གླིང་སྣེ་གསུམ་པ”དང“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”གི་མཚན་སྙན་ལྡན་ཡོད། བོད་འདི་ཉིད་མཚོ་བོད་ས་མཐོའི་ལྟེ་བའི་ཁུལ་དུ་གནས་པས་དེ་གའི་རང་བྱུང་སྣོད་བཅུད་སྲུང་སྐྱོང་ཡག་པོ་བྱེད་པ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་ལེན་བསྟར་བའི་ཐབས་ལམ་གལ་ཆེན་ཞིག་རེད།
བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནས་བཟུང་། རང་ལྗོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་ཤུགས་སྣོན་རྒྱག་པ་དེ་བརྗོད་དོན་གཙོ་བོའི་སློབ་གསོར་ཕན་འབྲས་དངོས་ཐོན་རྒྱུ་འགན་ལེན་བྱེད་པའི་ནང་དོན་གལ་ཆེན་ལ་བརྩིས་ནས་ཏང་གཤིས་བརྟན་གཏོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་། ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། དམིགས་ཚད་ལས་འགན་ཞིབ་ཚགས་དང་དོན་དངོས་སུ་འགྱུར་བར་བྱེད་པ། ཐབས་ཇུས་ལག་བསྟར་བཅས་བྱས་ནས་བྱ་སྤྱོད་དངོས་ལ་བརྟེན་ཏེ་བརྗོད་དོན་གཙོ་བོའི་སློབ་གསོའི་ཕན་འབྲས་མངོན་པར་བྱས་ཡོད།
“ང་ནི་ས་སྐྱེས་རྡོ་སྐྱེས་ཀྱི་ལྷ་ས་བ་ཞིག་ཡིན། ད་ཆ་ལྷ་ས་མཛེས་སུ་ཕྱིན་འདུག ཁྲ་ཡོལ་ཕྱེ་མ་ཐག་སྔོ་ལྗང་ལྗོན་ཤིང་མཐོང་ཐུབ་པ་དང་ཕྱིར་བསྐྱོད་སྐབས་གང་སར་མཛེས་ལྗོངས་མཐོང་རྒྱུ་ཡོད། གྲོང་ཁྱེར་ཡོངས་སུ་བཞའ་ཚན་ཆེ་རུ་ཕྱིན་ནས་འཚོ་བ་སྔར་བས་སྐྱིད་དུ་ཕྱིན་འདུག”གོང་དུ་ལྷ་སའི་གྲོང་མི་དཀར་སྒྲོན་གྱིས་བརྗོད་པའི་མཛེས་ལྗོངས་ནི་རང་ལྗོངས་ཀྱིས་2021ལོར་དངོས་སུ་ལག་ལེན་བསྟར་འགོ་ཚུགས་པའི་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་གྲུབ་འབྲས་ཀྱི་མཚོན་ཚུལ་ཙམ་ཞིག་རེད། ལས་གྲྭ་དེས་2030ལོར་སླེབས་སྐབས་མུའུ་ཁྲི་206.7གྱི་ནགས་བཟོའི་ལས་འགན་ལེགས་སྒྲུབ་བྱ་རྩིས་ཡོད། ལེགས་གྲུབ་བྱུང་རྗེས་སྔོན་དཔག་ལྟར་ན། ལོ་རེར་ཆ་སྙོམས་ཆུ་གསོག་ཏུན་ཁྲི་4980ཙམ་གསར་དུ་འཕར་བ་དང་། ལོ་རེར་ཆ་སྙོམས་གསོ་རླུང་ཏུན་ཁྲི་19ལྷག་ཙམ་ཟིན་ནས་ལྷ་སའི་ཉེ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་ཧ་ཅང་ལེགས་སུ་འགྲོ་བ། ས་ཁོངས་ཀྱི་ནགས་ཚལ་སྐྱེ་ཁམས་ཞབས་ཞུའི་ནུས་པ་ཆེ་རུ་བཅས་ཕྱིན་ནས་མི་དམངས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་འགྲོ་རྒྱུ་རེད།
“ལས་གྲྭ་ལག་ལེན་བསྟར་བ་ནས་བཟུང་། ནགས་བཟོ་རྒྱ་ཁྱོན་མུའུ་ཁྲི་30ལྷག་ཙམ་ཟིན་པ་དང་རྣམ་གྲངས་ཀྱི་སྤྱི་ཡོངས་ཀྱི་འཕེལ་རིམ་འཆར་གཞི་ལྟར་སྐྲུན་བཞིན་ཡོད། རྣམ་གྲངས་ལག་ལེན་བསྟར་རིང་རིམ་རྩིས་བྱས་ན་ངལ་ནུས་མི་ཐེངས་ཁྲི་350ལྷག་ཙམ་སྤྱད་དེ་མང་ཚོགས་ལ་འབབ་འཕར་སྒོར་དུང་ཕྱུར་10ཙམ་ཡོང་བར་སྐུལ་ཁྲིད་བྱས་ཡོད”ཅེས་ལྷ་ས་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས།
ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་ནི་འབྲི་ཆུ་དང་རྒྱལ་མོ་རྔུལ་ཆུ་སོགས་ཀྱི་གཙང་པོ་དང་ཆུ་བོ་ཆེན་པོའི་ཆུ་འགོའི་ཁུལ་དང་། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང(གདང་ལའི་བྱང་རྒྱུད་ས་ཁོངས)གི་ས་ཁོངས་གལ་ཆེན་ཞིག་ཡིན་པས་སྐྱེ་ཁམས་ཀྱི་གནས་བབ་ཧ་ཅང་གལ་ཆེན་བཟུང་ཡོད།
“ང་ཚོས་སྐྱེ་ཁམས་སྲུང་སྐྱོང་བྱེད་པའི‘རྒྱལ་ཁབ་ཀྱི་དོན་ཆེན’བློ་ལ་བརྟན་པོར་ངེས་ནས། ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་། ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ལག་ལེན་གཏིང་ཟབ་བསྟར་བ། ཆུ་བོ་དང་མཚོ་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བར་སྤྱི་འདོམས་སྐུལ་འདེད་གཏོང་བ། གཙང་པོ་དང་ཆུ་བོའི་ཆུ་འགོ་སྲུང་སྐྱོང་ཡག་པོ་བྱེད་པ། ཨ་མདོའི་རི་ཀླུང་སྲུང་སྐྱོང་ཡག་པོ་བཅས་བྱས་ནས། སྐྱེ་ཁམས་སྲུང་སྐྱོང་དང་མང་ཚོགས་ལ་ཕན་པ་ཐོབ་པར་བྱེད་ཀྱི་ཡིན”ཞེས་ནག་ཆུ་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཨ་མདོ་རྫོང་ཨུད་ཀྱི་ཧྲུའུ་ཅི་ཀའོ་ཅུན་ཐའོ་ཡིས་གསར་འགོད་པར་བཤད་པ་དང་། ཁོང་གིས། ནག་ཆུ་གྲོང་ཁྱེར་གྱིས་ཏང་ཡོན་ལས་བྱེད་པའི་ཆབ་སྲིད་ཀྱི་གོ་རྟོགས་དང་ཆབ་སྲིད་ཀྱི་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། བརྗོད་དོན་གཙོ་བོའི་སློབ་གསོ་གོ་སྐབས་སུ་བྱས་ནས་བརྟག་དཔྱད་ཀྱི་རྨང་གཞིའི་ཐོག་ཞིབ་འཇུག་གཏིང་ཟབ་དང་བརྟག་ཞིབ་ཀྱི་སྤུས་ཚད་མཐོ་རུ་ཏན་ཏིག་བཏང་ནས་བརྟག་ཞིབ་གྲུབ་འབྲས་དེ་བོད་ཀྱི་ས་བབ་མཐོ་ཤོས་ཀྱི་ཡུན་རིང་བདེ་འཁོད་ཀྱི་དཔེ་སྟོན་རྫོང་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་སྟོན་རྫོང་། སྐྱེ་ཁམས་ཤེས་དཔལ་གྱི་དཔེ་སྟོན་རྫོང་། ལྗོངས་ཡོངས་ཀྱི་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་གི་དཔེ་སྟོན་རྫོང་བཅས་ལ་གཏོད་པའི་དངོས་སྒྲུབ་ཀྱི་བྱེད་ཐབས་ལ་འགྱུར་བར་སྐུལ་འདེད་གཏོང་གི་ཡིན་ཞེས་བཤད། སྔར་ནས་བཟུང་རང་ལྗོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་ས་གནས་ཁག་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། གསར་གཏོད་རང་བཞིན་གྱི་ལས་དོན་སྤེལ་ནས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་ཡོད། གཞིས་རྩེ་གྲོང་ཁྱེར་གྱི་ཁོར་ཡུག་ཉིན་མོའི་བརྗོད་དོན་གཙོ་བོའི་གླུ་གཞས《ཀྲུང་གོ་སྔར་བས་མཛེས་པར་བྱེད》ཅེས་པ་བརྒྱུད་གཏོང་བརྙན་ཐུང་ལ་སྐྱེ་ཁམས་ཁོར་ཡུག་པུའི་ཁས་ལེན་ཐོབ་པ་དང་དྲ་གྲོགས་ཚོས་གཅིག་རྗེས་གཉིས་མཐུད་ངང་བསྔགས་བརྗོད་བྱས་ཡོད། ལྷོ་ཁ་གྲོང་ཁྱེར་གྱིས་ལྗོངས་ཡོངས་ཀྱི་གློག་ཤུགས་དང་ཁོར་ཡུག་སྲུང་སྐྱོང་གི་རིག་ནུས་ལས་སྟེགས་ཐོག་མ་བསྐྲུན་པ་དང་མི་1ལ“ཀྲུང་གོའི་སྐྱེ་ཁམས་ཤེས་དཔལ་གྱི་བྱ་དགའ”ཐོབ་པ་རེད།
མངའ་རིས་ས་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཅུས་ཀྲང་གཞོན་པ་ནོར་རྒྱལ་གྱིས“སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་པ་ཞིག་ཡིན་པའི་ངོས་ནས་ང་ཚོས་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་དེ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལས་དོན་གྱི་ཕན་འབྲས་ནས་མངོན་པར་བྱས་ཡོད། མིག་སྔར་ས་ཁུལ་ཡོངས་ཀྱི་མཁའ་རླུང་སྤུས་ཚད་ལེགས་ཚད་100%ཟིན་པ་དང་། རང་བྱུང་སྲུང་སྐྱོང་ཁུལ་གྱི་རྒྱ་ཁྱོན་དང་། སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་གི་རྒྱ་ཁྱོན། ‘ཚད་གསུམ་ཐོ་གཅིག’གི་སྔོན་ལ་སྲུང་སྐྱོང་བྱེད་པའི་རྒྱ་ཁྱོན་བཅས་ཀྱིས་ས་ཁུལ་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་55%དང་། 56% 95%ཡན་བཅས་སོ་སོར་ཟིན་ནས་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད”ཅེས་བཤད།
“གོམ་སྟབས་རྗེས་མར་ང་ཚོས་སློབ་སྦྱོང་ལ་བརྟེན་ནས་ལས་དོན་ལ་སྐུལ་འདེད་གཏོང་བའི་ཚ་རླབས་ཤིག་མུ་མཐུད་འཕྱུར་བར་བྱས་ཏེ། བློ་བརྟན་འགྱུར་མེད་ངང་འགན་འཁྲི་འཁུར་བ་དང་དངོས་སྒྲུབ་བརྩོན་ལེན་གྱི་ཉམས་འགྱུར་གསར་པ་དང་རྣམ་པ་གསར་པར་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་ལ་དམིགས་པ་དང་སྐྱེ་ཁམས་ལས་དོན་ཐད་སྔོན་ལ་ཚད་བརྒལ་གསར་པ་ཡོང་བར་བྱས་ཏེ། བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་དངོས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཀྱི་སྒུལ་ཤུགས་ཆེན་པོར་འགྱུར་བ་བྱེད་ཀྱི་ཡིན”ཞེས་ནོར་རྒྱལ་གྱིས་བཤད།
(མུ་མཐུད་འགོད་རྒྱུ)