དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་ངོ་སྤྲོད་བྱས་པ།

    ལྗོངས་ཡོངས་ཀྱི་དཔལ་འབྱོར་མགྱོགས་མྱུར་སླར་གསོ་དང་བསྐྱར་དུ་འཕར་བའི་རྣམ་པ་མངོན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-05

    ཉེ་ཆར། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་དུས་ཚིགས་དང་པོ་ནས་གསུམ་པའི་བར་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། རང་སྐྱོང་ལྗོངས་བསྡོམས་རྩིས་ཅུས་ཀྱིས་ཚོགས་འདུའི་ཐོག་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར་གཞིགས་ན། ལྗོངས་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1628.59ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་བརྒྱབ་ན་ལོ་གོང་མའི་དུས་མཚུངས་ལས་9.8%འཕར་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། ལྗོངས་ཡོངས་ཀྱི་ཐོན་ལས་འཕེལ་རྒྱས་རྒྱུན་མཐུད་སྲ་བརྟན་དང་ཤུགས་ཆེན་བྱུང་ཞིང་། ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར་116.90ཟིན་པ་དེ་དུས་མཚུངས་ལས་10.4%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར་636.79ཟིན་པ་དུས་མཚུངས་ལས་12.0%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར་874.90ཟིན་པ་དུས་མཚུངས་ལས་8.5%འཕར་ཡོད། བཟོ་ལས་ཀྱི་ངོས་ནས་བལྟས་ཚེ། ལས་རིགས་ཀྱི་འཕར་ཁྱོན་ཆེ་རུ་ཕྱིན་ནས་རང་ལྗོངས་ཀྱི་ལས་རིགས་ཆེ་གྲས་23ལས། ལས་རིགས་19འཕེལ་རྒྱས་འགྲོ་བཞིན་ཡོད་པ་ལོ་སྟོད་དང་བསྡུར་ན་ལས་རིགས་4མང་དུ་ཕྱིན་ཡོད། བཟོ་སྐྲུན་ལས་རིགས་ལོ་གོང་མའི་དུས་མཚུངས་དང་བསྡུར་ན་བརྒྱ་ཆའི་34.7འཕར་བ་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་བརྒྱ་ཆའི་གྲངས་7.6འཕར་བར་སྐུལ་ཁྲིད་ཐུབ་པས། བཟོ་ལས་དཔལ་འབྱོར་གྱི་གཞི་གདན་བརྟན་དུ་ནུས་ལྡན་ཕྱིན་ཡོད། ཨར་ལས་རིགས་ཀྱིས་དཔལ་འབྱོར་འཕར་བར་སྒུལ་ཤུགས་མཁོ་འདོན་བྱས་ཤིང་། དུས་ཚིགས་དང་པོ་ནས་གསུམ་པའི་བར་ལྗོངས་ཡོངས་ཀྱི་ཨར་ལས་རིགས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་དུས་མཚུངས་ལས་24.0%འཕར་བ་ལོ་སྟོད་ལས་བརྒྱ་ཆའི་གྲངས་24.5ཡིས་མགྱོགས་པ་ཡོད་པ་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་48.6གིས་མགྱོགས་པ་ཡོད། གཙོ་གནད་ལས་རིགས་ཀྱིས་དཔལ་འབྱོར་འཕར་བར་འདེགས་སྐྱོར་ནུས་ལྡན་བྱས་ཤིང་། ལྗོངས་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་དང་། བཀར་འཇུག སྦྲག་སྲིད་ལས་རིགས། འཕྲིན་སྤེལ་དང་། མཉེན་ཆས། ཆ་འཕྲིན་ལག་རྩལ་བཅས་ཀྱི་ཞབས་འདེགས་ལས་རིགས་ཀྱི་གཉེར་སྐྱོང་ཡོང་འབབ་ཀྱིས་ལྗོངས་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་ཞབས་འདེགས་ལས་རིགས་ཀྱི་ཁེ་ལས་ཀྱི་གཉེར་སྐྱོང་ཡོང་འབབ་བསྡུར་ཚད་ཀྱི་70.7%བཟུང་བ་དང་འཕར་ཚད་22.9%དང་45.5%ཟིན་ནས་གཞི་ཁྱོན་ཡན་གྱི་ཞབས་འདེགས་ལས་རིགས་ཀྱི་གཉེར་སྐྱོང་ཡོང་འབབ་བརྟན་པོའི་ངང་འཕར་བར་འདེགས་སྐྱོར་ནུས་ལྡན་བྱས་ཡོད།

    ཡུལ་སྐོར་ཁྲོམ་ར་མགྱོགས་མྱུར་སླར་གསོ་བྱུང་ནས་འཛད་རྫས་ཁྲོམ་རའི་མགྱོགས་མྱུར་སླར་གསོར་སྐུལ་ཁྲིད་བྱས་ཡོད། དུས་ཚིགས་དང་པོ་ནས་གསུམ་པའི་བར་ལྗོངས་ཡོངས་ཀྱི་ཡུལ་སྐོར་སྣེ་ལེན་གྱི་སྤྱིའི་མི་གྲངས་དང་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སོ་སོར་67.4%དང་46.2%འཕར་ཞིང་། ཡུལ་སྐོར་བའི་མི་ཐེངས་དང་ཡུལ་སྐོར་ཡོང་འབབ་ཧ་ཅང་འཕར་ནས་ལྗོངས་ནང་ཁུལ་གྱི་འཛད་སྤྱོད་ཁྲོམ་ར་ཧ་ཅང་འཁྲུག་ཏུ་ཕྱིན་པ་དང་། སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་དུས་མཚུངས་ལས་18.8%འཕར་བ་དང་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་རྒྱལ་ཡོངས་ཀྱི་ཆ་སྙོམས་འཕར་ཚད་ལས་བརྒྱ་ཆའི་གྲངས་12.0ཡིས་མཐོ་བ་དང་ལོ་སྟོད་ལས་བརྒྱ་ཆའི་གྲངས་10.5ཡིས་མཐོ་བ་ཡོད་པ་རེད། ཁྲོམ་རའི་གསོན་ཤུགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཞིང་། དུས་ཚིགས་དང་པོ་ནས་གསུམ་པའི་བར་གཉེར་སྐྱོང་བྱེད་པོ་དུས་མཚུངས་ལས་11.5%འཕར་བ་དང་འཕར་ཚད་ཟླ་བརྒྱད་པའི་ཟླ་མཇུག་ལས་བརྒྱ་ཆའི་གྲངས་1.4ཡིས་མགྱོགས་པ་ཡོད་པ་ལས། ཁེ་ལས་ཀྱི་གྲངས་འབོར་དུས་མཚུངས་ལས་14.1%འཕར་བ་དང་གྲོང་མིའི་ཡོང་འབབ་རྒྱུན་མཐུད་འཕར་ཡོད། དུས་ཚིགས་དང་པོ་ནས་གསུམ་པའི་བར་བོད་ཀྱི་གྲོང་མི་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་20147ཟིན་པ་དུས་མཚུངས་ལས་8.1%འཕར་བ་དང་འཕར་ཚད་ལོ་སྟོད་ལས་བརྒྱ་ཆའི་གྲངས་0.2མཐོ་རུ་ཕྱིན་ཡོད་པ་རེད།

    བོད་རང་སྐྱོང་ལྗོངས་བསྡོམས་རྩིས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་རང་ལྗོངས་ཀྱིས་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བས། དཔལ་འབྱོར་མགྱོགས་མྱུར་སླར་གསོ་བྱུང་བ་དང་། ཐོན་སྐྱེད་མཁོ་སྤྲོད་བརྟན་པོ་འཕར་བ། ཁྲོམ་རའི་སྔོན་དཔག་དང་ཡིད་ཆེས་རྒྱུན་ཆད་མེད་པར་ཆེ་རུ་སོང་བ། ཁྲོམ་རའི་རིན་གོང་སྤྱིའི་ཆ་ནས་བརྟན་པོ་བྱུང་བ། ལྗོངས་ཡོངས་ཀྱི་དཔལ་འབྱོར་མགྱོགས་མྱུར་སླར་གསོ་དང་བརྟན་ཐོག་ལེགས་འཕེལ་གྱི་རྣམ་པ་མངོན་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།