ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་རིའི་མཛའ་གྲོགས་གྲོང་ཁྱེར་གྱི་ཚོགས་ཆེན་སྐབས་ལྔ་པར་འཕྲིན་ཡིག་སྤྲིངས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་3ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ཨའི་མཛའ་གྲོགས་གྲོང་ཁྱེར་གྱི་ཚོགས་ཆེན་སྐབས་ལྔ་པར་འཕྲིན་ཡིག་སྤྲིངས་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་ཨའི་འབྲེལ་བའི་རྨང་གཞི་དམངས་ཁྲོད་དུ་ཡོད་པ་དང་སྟོབས་ཤུགས་ཀྱི་འབྱུང་ཁུངས་ནི་མི་དམངས་དབར་གྱི་མཛའ་གྲོགས་ཡིན། མཛའ་གྲོགས་ཞིང་ཆེན་དང་མངའ་སྡེ་དང་མཛའ་གྲོགས་གྲོང་ཁྱེར་ནི་ཀྲུང་ཨའི་མི་དམངས་ཀྱི་མཛའ་གྲོགས་ཟབ་ཏུ་གཏོང་བ་དང་གཉིས་ཁེ་གཉིས་ཕན་མངོན་འགྱུར་བྱེད་པའི་གཞི་རྟེན་གལ་ཆེན་ཞིག་ཡིན། 1979ལོར་མཛའ་གྲོགས་གྲོང་ཁྱེར་གྱི་འབྲེལ་བ་དང་པོ་བཙུགས་པ་ནས་ད་བར་ཀྲུང་ཨས་མཛའ་གྲོགས་ཞིང་ཆེན་དང་མངའ་སྡེ་དང་མཛའ་གྲོགས་གྲོང་ཁྱེར་གྱི་འབྲེལ་བ་284བཙུགས་ཡོད་པ་རེད། ལོ་40ལྷག་ཙམ་རིང་། རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཞིང་ཆེན་དང་མངའ་སྡེ་དང་མཛའ་གྲོགས་གྲོང་ཁྱེར་གྱིས་མཉམ་ལས་དམ་ཟབ་བྱས་པར་གཡུར་ཟའི་གྲུབ་འབྲས་ཐོབ་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་དངོས་ཐོབ་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་ཨའི་མཛའ་གྲོགས་གྲོང་ཁྱེར་གྱི་ཚོགས་ཆེན་ནི་ཀྲུང་ཨའི་ས་གནས་དབར་གྱི་སྤེལ་རེས་ཀྱི་ལམ་སྲོལ་གལ་ཆེན་ཞིག་ཡིན་ཞིང་། དེ་བཙུགས་པ་ནས་བཟུང་ཀྲུང་ཨའི་མཛའ་གྲོགས་གྲོང་ཁྱེར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མཛའ་གྲོགས་གྲོང་ཁྱེར་གྱི་མཉམ་ལས་ཟབ་ཏུ་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད་པས། ཚོགས་ཞུགས་ཕྱོགས་ཁག་གིས་མུ་མཐུད་ཀྲུང་གོ་དང་ཨ་རིའི་ས་གནས་དབར་གྱི་སྤེལ་རེས་ཀྱི་འབྲེལ་ཟམ་བྱས་ནས་རྒྱལ་ཁབ་གཉིས་པོའི་ཞིང་ཆེན་དང་མངའ་སྡེ་དང་གྲོང་ཁྱེར་གྱིས་ཡངས་ཤིང་རྒྱ་ཆེ་བའི་ཞི་བདེ་རྒྱ་མཚོ་སྒྲོལ་བར་རམ་འདེགས་བྱས་ཏེ་ཀྲུང་གོ་དང་ཨ་རིའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་ཆེད་ནུས་པ་དེ་བས་ཆེ་བ་འདོན་རྒྱུའི་རེ་བ་ཡོད།
ཀྲུང་ཨའི་མཛའ་གྲོགས་གྲོང་ཁྱེར་གྱི་ཚོགས་ཆེན་སྐབས་ལྔ་པ་གོང་ཚེས་ཉིན་ཅང་སུའུ་ཞིང་ཆེན་སུའུ་ཀྲོའུ་གྲོང་ཁྱེར་དུ་འཚོགས་ཤིང་། དེའི་བརྗོད་དོན་གཙོ་བོ་ནི“ལྗང་མདོག་གྲོང་ཁྱེར་མཉམ་དུ་སྐྲུན། དམངས་འཚོའི་བདེ་རྩ་མཉམ་དུ་སྤྱོད”ཅེས་པ་དེ་ཡིན་པ་དང་། ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་དང་ཅང་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་ཞིག་རེད།